རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ།
2011.06.03
༄༅༎ཡོའོ་ག་(Yoga)ཞེས་ལུས་སྦྱོང་རྩལ་ལ་སྐད་གྲགས་ཆེ་བའི་རྒྱ་གར་གྱི་བྲམ་ཟེ་རམ་རྡེལྦ་(Swami Ramdev)ཡིས་རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ཆེད་ཟས་བཅད་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྐད་གྲགས་ཆེ་བའི་ཡོའོ་ག་སློབ་ཁྲིད་གནང་མཁན་བྲམ་ཟེ་རམ་རྡེལྦ་ཡིས་རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་གདོང་ལེན་བྱ་རྒྱུའི་ཁོང་གིས་བཏོན་པའི་དོན་ཚན་ཁག་ངོས་ལེན་ཡོང་ཐབས་ལ་རེས་གཟའ་སྤེན་པ་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུཌ་བྱ་རྒྱུ་ཡིན་ཞིང༌། ཁོང་གིས་རྒྱལ་ས་ལྡི་ལིའི་ནང་སྡོད་གུར་ཆེན་པོ་ཞིག་ཕུབས་ཏེ། ཁོང་གི་རྗེས་འཇུག་པ་སྟོང་ཕྲག་མང་པོ་ཡོད་པའི་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ཏེ། རྒྱ་གར་གཞུང་གིས་ལྐོག་ཟ་རུལ་སུངས་བྱ་རྒྱུ་མིན་པའི་ཁས་ལེན་ཡོང་རྒྱུར་སྲིད་བློན་མན་མོ་ཧན་སིང་ཡིས་འགན་ལེན་ཡོང་ཐབས་བྱ་རྒྱུ་ཡིན་པ་རེད། བྲམ་ཟེ་རམ་རྡེལྦ་ཡི་དགོས་འདུན་གཙོ་བོ་ནི། སྲིད་བློན་མན་མོ་ཧན་སིང་ཡི་གཞུང་འཛིན་ཐོག་ནས། རྒྱ་གར་བས་ལྐོག་རྔན་ལེན་པ་དང་ཁྲིམས་འགལ་གྱིས་དངུལ་བརྗེས་བྱས་པའི་དངུལ་འབབ་ཕྱི་རྒྱལ་དངུལ་ཁང་གི་དངུལ་འཛིན་ནང་ཡོད་པ་ཚང་མ་ཚུར་རྒྱ་གར་དུ་ལེན་ཐབས་བྱ་དགོས་པའི་རེ་འདུན་བྱེད་པ་དང༌། གལ་ཏེ་ཁྲིམས་འགལ་གྱི་དངུལ་འབབ་དེ་རྣམས་རྒྱ་གར་དུ་ལེན་ཐུབ་པ་ཡིན་ན།རྒྱ་གར་གྱི་དཔལ་འབྱོར་ལ་ཁེ་ཕན་ཡོང་རྒྱུ་མ་ཟད། རྒྱ་གར་གྱི་སྒོར་མོ་གཅིག་དང་ཨ་རིའི་ཊོ་ལར་༥༠ འཛའ་ཐང་དང་གཅིག་པ་ཆགས་རྒྱུ་སོགས་རྒྱ་གར་དངུལ་གྱི་འཛའ་ཐང་བརྟན་དུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། ལྐོག་ཟ་རུལ་སུངས་མཚམས་འཇོག་ཡོང་ཐབས་ཀྱི་ད་རེས་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དེའི་ནང་དགུང་གྲངས་༧༣ ལ་ཕེབས་པའི་སྤྱི་ཚོགས་ཞབས་ཞུ་བ་ཨེ་ན་ཧ་ཛ་རེ་ཡིས་ཀྱང་རྒྱབ་སྐྱོར་གནང་གི་ཡོད་པ་དང༌། ཁོང་ནི་རྒྱ་གར་རང་བཙན་འཐབ་རྩོད་པའི་དབུ་ཁྲིད་མ་ཧཏ་མ་གེན་རྡི་མཆོག་གི་རྗེས་འཇུག་པ་ཡིན་ཞིང༌། ཁོང་གི་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ཟས་བཅད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།