བོད་ནང་རི་ཉིལ་ནས་ཆུ་འགག་པས་རྒྱ་གར་ལ་དཀའ་ངལ་དང་ཉེན་ཁ་ཡོད་འདུག
2018.10.19
བོད་ནང་གི་སྨན་གླིང་རྫོང་ཁོངས་སུ་རི་ཉིལ་ནས་ཡར་ཀླུང་གཙང་པོའི་ཆུ་འཁྱིལ་བ་དེའི་རྐྱེན་པས་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆུ་ལོག་གི་ཉེན་ཁ་ཡོང་བཞིན་པ་རེད།
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་གཞུང་གིས་མི་མང་ལ་གསལ་བསྒྲགས་ཤིག་གནང་བའི་ནང་། བོད་ནང་ཀོང་པོ་ཉིང་ཁྲི་མངའ་ཁོངས་སྨན་གླིང་རྫོང་ཁོངས་སུ་རི་ཉིལ་ནས་ཡར་ཀླུང་གཙང་པོའི་ཆུ་འཁྱིལ་བ་དེས་ཆུ་ལོག་གི་ཉེན་ཁ་ཡོད་སྟབས་ཤར་(Siang)རྫོང་གི་ཉེ་འཁྲིས་སུ་འགྲོ་རྒྱུར་བག་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་འདུག
སྨན་གླིང་ས་ཁུལ་དུ་རི་ཉིལ་ནས་ཡར་ཀླུང་གཙང་པོའི་ཆུ་འཁྱིལ་བ་དེས་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་ནང་རྒྱུགས་བཞིན་པའི་(Siang)ཞེས་འབོད་པའི་ཡར་ཀླུང་གཙང་པོའི་ཆུ་ཚད་དམའ་རུ་ཕྱིན་ཡོད་པ་དང་། རི་ཉིལ་ནས་རང་བྱུང་ཆུ་མཛོད་ཆེན་པོ་ཆགས་པ་དེ་ཤོར་བ་ཡིན་ན་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆུ་ལོག་ཆེན་པོ་ཞིག་ཡོང་སྲིད་པ་རེད། ཡར་ཀླུང་གཙང་པོ་བོད་ནས་ཨ་རུ་ཎ་ཅལ་མངའ་སྡེའི་ནང་རྒྱུགས་སྐབས་ས་གནས་མི་མང་ཚོས་ཡར་ཀླུང་གཙང་པོར་(Siang)གཙང་པོ་ཞེས་འབོད་ཀྱི་ཡོད་པ་དང་། ཡར་ཀླུང་གཙང་པོ་ཨ་སམ་མངའ་སྡེའི་ནང་སླེབས་སྐབས་(Brahmaputra river)ཞེས་འབོད་ཀྱི་ཡོད་པ་རེད།
ཨ་རུ་ཎ་ཅལ་མངའ་སྡེའི་ཤར་(Siang) རྫོང་ཁུལ་ཡར་ཀླུང་གཙང་པོའི་ཆུ་ཚད་མི་ཀྲར་གཉིས་ཙམ་དམའ་རུ་ཕྱིན་ཡོད་པ་དང་། ས་གནས་གཞུང་གིས་ཤར་(Siang)རྫོང་ཁུལ་ཡར་ཀླུང་གཙང་པོའི་ཉེ་འཁྲིས་སུ་འགྲོ་བ་དང་། ཉ་འཛིན་པ་དང་རྐྱལ་རྒྱག་པ་སོགས་གནས་སྐབས་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག
བོད་ཀྱི་སྨན་གླིང་ས་ཁུལ་དུ་རི་ཉིལ་ནས་ཡར་ཀླུང་གཙང་པོའི་ཆུ་འཁྱིལ་བའི་རྐྱེན་གྱིས་ས་ཁུལ་དེའི་མི་མང་༦༦༠༠་ལྷག་ཉེན་ཡོལ་ཆེད་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་ལུགས་པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
མཐོ་སྒང་བོད་ཀྱི་ས་ཁུལ་ནི། ཨེ་ཤེ་ཡའི་མངའ་ཁུལ་རྒྱལ་ཁབ་མང་པོའི་ནང་རྒྱུག་བཞིན་པའི་གཙང་ཆུའི་འབྱུང་ཁུངས་ཡིན་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ནི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་དང་འབྲེལ་བ་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།