ཞེ་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལ་སྟབས་བདེ་ཡོང་ཐབས་རེད།
2015.10.22
སྒྲིག་ཁྲིམས་གསར་པ་གཏན་འབེབས་བྱས་པ་དེ་ནི་ཞེ་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལ་སྟབས་བདེ་ཡོང་བ་བྱེད་པ་ཞིག་ཡིན་པ་རེད་ཟེར།
དེ་ཡང་རྒྱ་ནག་གུང་ཁྲན་ཏང་ཚོགས་པས་ཚོགས་པའི་ཆབ་སྲིད་སྒྲིག་ཁྲིམས་གསར་པ་གཏན་འབེབས་བྱས་པ་དེ་ནི་ཞེ་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལ་སྟབས་བདེ་ཡོང་བ་བྱེད་པ་ཞིག་ཡིན་པ་རེད།
BBC་སོགས་བརྒྱུད་ལམ་ཆེ་ཁག་ཏུ་ཟླ་༡༠་ཚེས་༢༢་ཉིན་གནས་ཚུལ་བཀོད་པར་གཞིགས་ན། དེ་རིང་རྒྱ་ནག་གུང་ཁྲན་ཏང་གིས་གུང་ཁྲན་ཏང་གི་སྤྱོད་གཙང་རང་འཁུར་གྱི་ཚད་གཞི་གཏན་འབེབས་དང་། སྒྲིག་ཁྲིམས་ཀྱི་ཉེས་ཁྲིམས་དོན་ཚན་ཞེས་པ་ཁྱབ་འགྲེམས་བྱས་ཡོད་པ་དེ་ནི་ཞེ་ཅིན་ཕིང་གིས་འབྲེལ་ཡོད་སྒྲིག་ཁྲིམས་ལ་ཤུགས་སྣོན་དང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུར་ངེས་པར་དུ་བྱེད་དགོས་པ་བཞི་དང་། སྒྲིག་སྲོལ་གཏན་འབེབས་དོན་ཚན་བརྒྱད། སྒྲིག་ཁྲིམས་ཆེན་པོ་དྲུག་བཏོན་ནས་གལ་སྲིད་གུང་ཁྲན་ཏང་ནང་གོང་གསལ་གཏན་འབེབས་བྱས་དོན་ལས་འགལ་རིགས་ལ་ཉེས་ཁྲིམས་གཅོད་རྒྱུ་བཏོན་ཡོད་པ་རེད།
སྒྲིག་ཁྲིམས་ཀྱི་དོན་ཚན་དེ་ཚོའི་ནང་། གུང་ཁྲན་ཏང་ནང་ཁུལ་ཤོིག་ཁག་བསྒྲིལ་བ་དང་། སྒེར་གྱི་སྟོབས་ཤུགས་གསོ་ཚགས་བྱེད་པ། ཁེ་ཕན་བརྗེ་རེས་བྱེད་པ། རང་ཉིད་ལ་ཁེ་གྲགས་གཙོས་པ་སོགས་བྱེད་སྒོ་ལ་བརྟེན་ནས་ཆབ་སྲིད་ཀྱི་མ་རྩ་འགྲུབ་ཐབས་བྱེད་པ། ཐ་ན། ལུང་ཚན་གཅིག་པའི་སྐྱིད་སྡུག་དང་། སློབ་གྲོགས་གཅིག་པའི་སྐྱིད་སྡུག དམག་ཞབས་རྙིང་པའི་སྐྱིད་སྡུག་ལྟ་བུར་འཛུལ་ཞུགས་ཀྱིས་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ལ་རྒྱབ་གཏོད་བྱེད་ཀྱི་ཡོད་པའི་སྐོར་བཀོད་པ་དེའི་ཐོག་ནས་གོ་གནས་ནས་ཕབ་ཟིན་པའི་རྒྱ་ནག་ཆབ་གྲོས་ཚོགས་གཙོ་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་འགོ་ཁྲིད་ལིང་ཅི་ཧ་ཡིས་དེ་སྔ་ཤིའི་ཧྲན་སྐྱིད་སྡུག་ཟེར་བ་འཛུགས་གཉེར་བྱས་པ་དེའི་ཉེས་དོན་ཁྱབ་བསྒྲགས་བྱས་ཟིན་པ་ལྟར། སྐྱིད་སྡུག་དེ་ལྟ་བུ་བཟོས་པ་ལས་དབང་ཆའི་ཁེ་ཕན་རྩོད་ལེན་བྱས་ཡོད་པའི་སྐོར་འཁོད་ཡོད་པ་རེད།
ད་ལམ་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་ཁྲིམས་གཏན་འབེབས་གསར་པ་དེ་འདྲ་བྱས་པ་དེའི་ཐད་དུས་བབ་ཀྱི་དཔྱད་བརྗོད་མཁན་ལིང་ཧ་ལིང་གིས་ཕ་རན་སིའི་གསར་འགྱུར་ལས་ཁང་ལ། ཞེ་ཅིན་ཕིང་གིས་ན་ནིང་ཡང་ཆབ་སྲིད་སྒྲིག་ཁྲིམས་གཏན་འབེབས་བཟོས་ཏེ་ལྐོག་ཟ་རུལ་སུངས་ཀྱི་སྟག་ཆེན་པོ་འགའ་ཞིག་ཕྱིར་བཏོན་བྱས་ཡོད་ནའང་ཞེ་ཅིན་ཕིང་རང་ཉིད་ཀྱི་དབང་ཆ་གཅིག་སྡུད་ལ་སྟབས་བདེ་བྱུང་བ་དང་། གུང་ཁྲན་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་དེ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་གྱི་ཐོག་ལ་བཀག་སྡོམ་དང་། ལྟ་ཚུལ་མི་མཐུན་པར་མགོ་གནོན་བྱེད་རྒྱུར་བཟུང་བའི་བྱ་ཐབས་ལ་གྱུར་ཡོད་པའི་ངོས་འཛིན་བྱས་ཡོད་པའི་སྐོར་བཀོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།