རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པར་ཞིབ་བཤེར་བྱེད་བཞིན་ཡོད་ཟེར།
2020.04.22
རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་ཐོག་ཞིབ་བཤེར་བྱེད་བཞིན་པ་རྒྱ་ནག་གིས་ཕྱི་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་འདི་ཚེས་༡༩་རེས་གཟའ་ཉི་མའི་ཉིན་གྱི་དགོང་མོར་གློ་བུར་དུ། རྒྱ་ནག་ཉེན་རྟོག་ཕྱོགས་ཀྱི་ཆེས་མཐོའི་དཔོན་རིགས་ཏེ། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་སུང་ལི་ཅོན་(Sun Lijun)་གྱིས་སྒྲིག་གཞི་དང་རྒྱབ་འགལ་གྱི་ལས་དོན་སྒྲུབ་ཚུལ་གྱིས་ད་ལྟ་ཞིབ་བཤེར་བྱེད་བཞིན་པ་ཕྱི་བསྒྲགས་བྱས་ཡོད་ལ། རྒྱ་ནག་གི་སྤྱི་བདེ་ལས་རིགས་ཐད་ཀྱི་དཔོན་རིགས་དེ་ནི་ཏོག་དབྱིབས་ནད་དུག་འཛམ་གླིང་ནང་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་དཔོན་རིགས་ཚོས་ཕྱོགས་མང་པའི་གནོན་ཤུགས་ལ་གདོང་ལེན་བྱེད་པའི་དཀའ་ངལ་ལ་འཕྲད་པའི་སྐབས་སུ། ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་དཔོན་རིགས་དེར་ཞིབ་བཤེར་བྱེད་འགོ་བཙུགས་པ་ཐོག་མ་ཡིན་པས། གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།
ཕྱི་ལོ་༡༩༦༩་ལོར་སྐྱེས་པའི་སུང་ལི་ཅོན་ནི། ཕྱི་ལོ་༡༩༨༨་ལོར་ལས་ཀར་ཞུགས་པ་དང་། དེ་སྔོན་སྤྱི་བདེ་ལྷན་ཁང་གི་ཧོང་ཀོང་དང་། ཨོ་མིན། ཐེ་ཝན་ལས་དོན་ཁང་གི་འགན་འཛིན་གྱི་འགན་གཅིག་ལྕོགས་གནང་མྱོང་བ་ཞིག་དང་། ཉེ་སྔོན་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཁྱབ་ཚབས་ཆེན་གྱི་སྐབས་སུ། སུང་ལི་ཅོན་ཝུའུ་ཧན་ནང་ཕྱིན་ནས་ནད་ཡམས་སྔོན་འགོག་གནས་སྟངས་ཀྱི་ལས་དོན་ཐད་རྟོག་ཞིབ་བྱས་ཡོད་པ་རེད།
བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གིས་ཞིབ་བཤེར་འདྲི་རྩད་ཟེར་བ་ནི་འཛིན་བཟུང་བྱས་བ་དང་གཅིག་པ་རེད། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ དྲག་ཆེ་བའི་སྐབས། ཝུའུ་ཧན་དུ་གཞུང་གི་སྐུ་ཚབ་བྱས་ནས་ལས་དོན་སྤེལ་བར་བསྐྱོད་མཁན། སྲིད་འཛིན་ཞེ་ཅིན་ཕིང་གིས་བློ་འཁེལ་སའི་དཔོན་རིགས་རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་སུང་ལི་ཅོན་གློ་བུར་འཛིན་བཟུང་བྱེད་དགོས་བྱུང་བའི་གནས་ཚུལ་བྱུང་བ་ནི་ཡ་མཚན་པ་ཞིག་ཡིན་པ་དཔྱད་གཏམ་སྤེལ་ཡོད།
པེ་ཅིན་དུ་གནས་སྡོད་ལོ་རྒྱུས་ཉམས་ཞིབ་པ་ཀྲང་ལི་ཧྥན་གྱིས། རྒྱ་ནག་གི་ཁྲིམས་འཛིན་གྱི་གནད་ཡོད་ལས་གནས་སྟེང་གི་མི་སྣ་གལ་ཆེན་སུང་ལི་ཅོན་ལ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་ཞིབ་བཤེར་བྱེད་བཞིན་པ་ཕྱི་བསྒྲགས་བྱས་པ་དེ་ནི། རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ཀྱི་བཀོད་འདོམས་ཡིན་པ་མ་ཟད། རྒྱ་ནག་གུང་ཁྲན་གཞུང་ནང་ཁུལ་གྱི་དཔོན་རིགས་བར་གྱི་དབང་ཆའི་འཐབ་རྩོད་དེ་རྣོ་ངར་ཅན་དུ་འགྱུར་བཞིན་པ་གསལ་བོ་མཚོན་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཉེ་བའི་ཆར་པེ་ཅིན་གྱི་ཕྱུག་བདག་གྲས་དང་དམར་ཤོག་ཚོགས་པའི་ཚོགས་མི་རེན་ཀྲི་ཆིང་(Ren Zhiqiang)་གིས། རྒྱ་ནག་དམར་ཤོག་ཚོགས་པས་ད་རེས་ཏོག་དབྱིབས་ནད་ཡམས་སྟངས་འཛིན་ལས་དོན་ཐད་འཐུས་ཤོར་དང་ཞན་ཆ་ཡོད་པའི་གནད་དོན་འདྲ་མིན་ཐད་སྐྱོན་བརྗོད་རྩོམ་ཡིག་སྤེལ་བར་འདྲི་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད།