ཞི་བདེའི་དར་ཆ་བསྒྲེངས་ཞོར་བོའུ་བ་རུ་སྒྲིག་བྱས་འདུག
2015.03.06
མདོ་སྨད་རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་འཛམ་གླིང་ཞི་བདེ་མཆོན་པའི་དར་འཕྱར་བ་དང་འབོད་སྒྲ་བསྒྲགས་འདུག
དེ་ཡང་འབྲེལ་ཡོད་བོད་མི་རྒྱ་མཚོ་ཡིས་ཀྱིས་འདི་གར་བརྗོད་དོན། ཉིན་འདི་གར་བོད་ཁམས་ཡོངས་སུ་སྤྱི་མཚུངས་ལྟར་དགོན་སྡེ་ཁག་ཚང་མར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་བཞིན་པ་ལྟར། སྤྱི་ཚེས་༤ཉིན་མདོ་སྨད་རྔ་སྟོད་སྒོ་མང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རེས་མོས་སྤྱིན་བདག་བསུ་བ་སྡེ་བའི་མི་ཚོས་བོའུ་པ་རུ་སྒྲིག་སྐབས་ནམ་རྒྱུན་དང་མ་འདྲ་པར། ད་ལོར་མང་ཆེས་བས་དར་ཆ་སྔོན་པོའི་ཐོག་སའི་གོ་ལ་དང་། དེའི་ཐོག་ཕུག་རོན་དཀར་པོ་ཞིག་འཕུར་ཡོང་བཞིན་པ་བྲིས་ནས་འཛམ་གླིང་ཞི་བདེ་མཚོན་པའི་དར་འཕྱར་ཡོད་པ་དང་། ད་དུང་ཁག་གཅིག་གི་དར་ཆའི་ཐོག་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བཅས་ཀྱི་སྐུ་པར་སྦྱར་ནས་ཡོད་པ་དང་། ངག་ནས་འཛམ་གླིང་ཞི་བདེ་རྒྱལ་གྱུར་ཅིག སྤྱི་ནོར་ཆེན་མོ་རྒྱལ་གྱུར་ཅིག གངས་ཅན་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག གཞི་བྱེས་ལྷན་འཛོམས་ཡོང་བར་ཤོག་ཅེས་འབོད་སྒྲ་སྒྲོག་པར་དད་ལྡན་མི་མང་སྟོང་ཚོ་བརྒལ་བ་འཛོམས་པ་ཚོས་དོ་སྣང་དང་དགའ་མོས་ཤུགས་ཆེན་བྱས་བ་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་བོད་ཀྱི་ལོ་གསར་སྔ་ནུབ་ནས་རྒྱ་ནག་གིས་མདོ་སྨད་རྔ་བ་ཕྱོགས་སུ་དམ་དྲག་ཇེ་ཆེར་གཏོང་ཆེད་རྒྱ་ནག་གི་དམག་མི་རླངས་འཁོར་མང་པོ་འབྱོར་ཡོད་པ་དང་། ལྷག་པར་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བར་ད་ལྟ་ནས་རྔ་བ་ཁུལ་ཐོག་དང་རྫོང་ཐོག་བཅས་སུ་ཕྱི་ནང་གསང་གསུམ་ནས་དམ་དྲག་དོགས་ཟོན་བྱས་བསྡད་ཡོད་པ་ཡང་བརྗོད་བྱུང་།
རྔ་སྟོད་སྒོ་མང་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་དགོན་པ་ནི་རྔ་བ་ཁུལ་ནས་རྒྱང་ཐག་སྤྱི་ལེ་༡༣ཙམ་གྱི་སར་ཆགས་ཡོད་པ་དང་། སྒོ་མང་ཡུལ་ཚོའི་ཁོངས་ཀྱི་དགོན་པའི་ལྷ་སྡེ་ཚོ་བ་དྲུག་ཡོད་པ་དང་། ལྷ་སྡེ་ཚོ་བ་ཚོས་ལོ་ལྟར་རེས་མོས་བྱས་ནས་ཆོ་འཕྲུལ་སྨོན་ཆེན་མོའི་སྤྱིན་བདག་བྱེད་སྲོལ་ཡོད་པ་ལྟར་ད་ལོར་བསུ་བ་སྡེ་བས་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།