བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས།
2010.06.24
༄༅༎རྒྱལ་ཁབ་༣༠ལྷག་གི་གྲོས་ཚོགས་ཀྱི་འཐུས་མི་༡༣༣སྐོར་ཞིག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱལ་སྤྱིའི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་སྐོར་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པ་རེད་༎
ཨ་རི་དང་དབྱིན་ཡུལ་ ར་ཤི་ཡ་ ཉི་ཧོང་ རྒྱ་ནག་བཅས་ཐེ་བས་ཁྱོན་རྒྱལ་སྤྱིའི་ཐོག་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལོ་འཁོར་གྱི་ལྷན་ཚོགས་འདི་ཚེས་༢༦ཉིན་ཀེ་ན་ཌའི་རྒྱལ་ས་ཨོ་ཀྲ་ལྦ་རུ་ཚོགས་ཀྱི་ཡོད་པ་རེད་ ལྷན་ཚོགས་དེའི་སྔོན་ཉེ་ཆར་ཚེས་༢ཉིན་བོད་དོན་ཆེད་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འབྲེལ་འཐུད་དྲ་བ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྦེལ་ཇེམ་གྱི་རྒྱལ་ས་སྦ་ར་སེལ་སི་རུ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ཀྱིས་ལོ་འདིའི་ཚོགས་འདུ་ཐེངས་དང་པོ་དེ་སྐོང་ཚོགས་གནང་ཡོད་པ་རེད་ བོད་དོན་ཆེད་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འབྲེལ་འཐུད་དྲ་བའི་ལྷན་ཚོགས་ཐོག་ནས་ཀེ་ན་ཌའི་ནང་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ལ་དམིགས་ཏེ་ལྷན་ཚོགས་འདིའི་སྐབས་བོད་དོན་གླེང་སློང་གནང་དགོས་པའི་སྐོར་ཀེ་ན་ཌའི་སྲིད་བློན་སི་ཀྲི་ཕེན་ཧའར་པར་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད་ ཕྱག་བྲིས་དེའི་ཞུ་དོན་ལྟར་ན་ ཐུན་མོང་མ་ཡིན་པའི་བོད་ཀྱི་ངོ་བོ་སྲུང་སྐྱོབ་དགོས་གལ་དང་ གལ་སྲིད་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་ མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་ལ་དངོས་སུ་བརྩི་བཀུར་ཞུས་ཚེ་རྒྱ་ནག་གི་རྩ་ཁྲིམས་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ཆ་རྐྱེན་ཡོད་མུས་ཡིན་སྐོར་གསལ་འདོན་གནང་ཡོད་པ་རེད་
ལྷག་པར་དུ་བོད་དོན་ཆེད་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་དྲ་བའི་འབྲེལ་འཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀྲི་ཡོ་མེ་ཀ་ཀིས་གསུངས་ན་ ད་རེས་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྐབས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་ཚོས་བོད་རྒྱའི་དཀའ་རྙོག་སེལ་བར་བོད་རྒྱའི་དབར་གྲོས་མོལ་སྐྱར་གསོ་བྱེད་རྒྱུའི་གནད་འགག་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་མ་ཟད་ བོད་རྒྱའི་དབར་གྲོས་མོལ་དེ་ཡང་གོང་ས་ཏ་ལའི་བླ་མ་མཆོག་གི་བཏོན་གནང་མཛད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞིར་བཟུང་གྲོས་མོལ་སྐྱར་གསོ་གནང་དགོས་པའི་གནད་དོན་ནན་བརྗོད་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག་༎་