འདི་ལོའི་བོད་ཀྱི་ལོ་གསར་མི་གཏོང་བར་ལས་འགུལ་སྤེལ་འཆར།
2009.02.24
༄༅༎བཙན་བྱོལ་དུ་གནས་སྡོད་བོད་མིའི་ཚོགས་སྡེ་དང་མི་དམངས་བཅས་ནས་འདི་ལོའི་བོད་ཀྱི་ས་གླང་ལོ་གསར་མ་བཏང་བར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུ་དང་དེ་བཞིན་ན་ནིང་བོད་ནང་དམར་གསོད་བཏང་བའི་བོད་མི་ཚོའི་ཆེད་དུ་ཆོས་འབུལ་སོགས་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་བཞིན་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལོ་གསར་གཏོང་རྒྱུ་མིན་པའི་མི་དམངས་ལ་འབོད་སྐུལ་ཞུ་གི་ཡོད་པ་རེད།
ཡིན་ནའང་བོད་ནང་དུ་རྒྱ་ནག་གཞུང་གིས་ལོ་གསར་གཏོང་དགོས་བཙན་སྐུལ་བྱེད་པ་མ་ཟད་བོད་ཀྱི་ལས་བྱེད་པ་ཚོར་ལོ་གསར་ལ་གཟའ་འཁོར་གཅིག་རིང་དགུང་སེང་བཞག་པ་དང་ལོ་གསར་གྱི་ཉོ་ཆ་རྒྱབ་རྒྱུའ་འགྲོ་གྲོན་སྐྱོབ་གསོ་སྤྲད་པ།བོད་ཀྱི་སྐར་རྩིས་ཀྱི་ཐོག་ནས་འདི་ལོ་ས་གླང་ལོ་འདི་ནི་ལོ་ནག་མ་ཡིན་པའི་འགྲེལ་བརྗོད་བྱེད་དུ་བཅུག་ཡོད་པ་རེད། བཙན་བྱོལ་ནང་གི་བོད་མི་ཚོས་འདི་ལོ་ལོ་ནག་ཏུ་ངོས་འཛིན་བྱེད་པ་ནི་གནམ་ལོའི་འགྲོ་ལུགས་བརྟེན་ནས་ལོ་ནག་ཡིན་པ་གསུང་གི་མེད་ཅིང་དེ་ནི་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་ཚབས་ཆེ་བྱས་པ་དང་ལྷག་པར་དུ་དེ་སྔ་ཕྱི་ལོ་ལྔ་དགུའི་ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སོགས་བོད་མི་ཚོར་མཚོན་ན་ཆབ་སྲིད་ཀྱི་དྲན་གསོའི་དུས་དྲན་མང་པོ་ཞིག་འཁེལ་ཡོད་པ་བརྟེན་ནས་ལོ་ནག་ཏུ་ངོས་འཛིན་བྱེད་པའི་ལས་འགུལ་སྤེལ་བ་ཞིག་ཡིན་ཞིང་ཡིན་ནའང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་བོད་ཀྱི་ལྷ་ས་ཁུལ་དུ་གནས་སྡོད་སྐར་རྩིས་པ་ལོ་ན་དྲུག་ཅུ་རེ་བདུན་ཡིན་པ་གོང་དཀར་རིག་འཛིན་ལགས་ཀྱིས་འདི་ལོ་བོད་ཀྱི་ལོ་གསར་པ་དེ་ནི་ལོ་དམར་ཡིན་ཞེས་གོ་དོན་ནི་དགའ་སྟོན་དང་དུས་སྟོན་བྱེད་འོས་པ་ཡིན་ཞིང་ཡིན་ནའང་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་གཞོན་ནུ་ཚོགས་པས་འདི་ལོ་ལོ་ནག་རེད་ཅེས་ཤོད་ཀྱི་ཡོད་པ་དེ་ནི་གཞོན་ནུ་ཚོགས་པས་ཆབ་སྲིད་ཀྱི་རྩེད་མོ་རྩེས་ཏེ་མི་དམངས་ནོར་འཁྲུལ་གྱི་ལམ་དུ་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།