བཀྲས་མཐོང་དབང་པོ་ལཊ་ཀྱིས་ལས་འཁུར་དམ་འབུལ་བྱས་འདུག
2014.05.06

ཡིག་ཐོག་གསར་འགྱུར།
བོད་མི་མང་ཡོ་རོབ་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་གནང་འདུག དེ་ཡང་སྐབས་བཅོ་ལྔ་པའི་བོད་མི་མང་ཡོ་རོབ་སྤྱི་འཐུས་ཀོ་རེན་ཆུང་བདག་ལགས་སྐུ་གཟུགས་བདེ་མིན་གྱི་གནས་བབ་ཐོག་སྤྱི་འཐུས་ནས་རྩ་དགོངས་བཀའ་ཁྲོལ་ཐོབ་རྗེས་སུད་སིར་གནས་བཞུགས་བཀྲས་མཐོང་དབང་པོ་ལགས་ཡོ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་ཡིན་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ཟླ་༥ཚེས་ ༦ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དྲུང་དུ་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད། འགྲོ་ལུགས་ལྟར་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ལ་རྟེན་འབྲེལ་མཚོན་ཆེད་མཇལ་དར་སྒྲོན་ཞིང་གསོལ་ཇ་ཞལ་འབྲས་ཕུལ་བའི་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚུགས་འདུག ཡོ་རོབ་ཀྱི་སྤྱི་འཐུས་གཉིས་ཡོད་པ་ནས་གཅིག་སེ་པེན་དུ་བཅའ་ཞུགས་སེ་པེན་བོད་ཀྱི་ཁང་པའི་འགན་འཛིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཡིན་པ་རེད། སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ནི་བོད་རང་བཙན་འཐབ་རྩོད་གནང་མཁན་གྱི་ལས་འགུལ་བ་ཞིག་ཡིན་ཞིང་། ཁོང་༡༩༦༣ ལོར་སུད་སིའི་ས་གནས་ཌོབ་ཇན་ (Trogen)ཞེས་པར་འཁྲུངས་ཤིང་། ཛུ་རིག་གཙུག་ལག་མཐོ་སློབ་དུ་ལོ་རྒྱུས་གཙུག་ལག་རབ་འབྱམས་ཐོན་རྗེས། ལས་ཞོར་དུ་ཡུ་རོབ་བོད་རིགས་གཞོན་སྐྱེས་ལྷན་ཚོགས་དང་། འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་སི་བོད་རིགས་མཛའ་མཐུན་ལྷན་ཚོགས་ཀྱི་རྒྱུན་ལས་སོགས་གནང་མྱོང་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།