རྒྱ་ནག་གི་སྲིད་འཛིན་ཨ་མི་རི་ཀར་ཕེབས་རྒྱུ་ཕྱིར་འཐེན་བྱེད་དགོས།
2015.08.28

ཨ་མི་རི་ཀའི་སྲིད་འཛིན་འོས་མིར་བཞེངས་མཁན་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ཨ་མི་རི་ཀར་ཕེབས་རྒྱུ་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་འོས་མིར་བཞེངས་མཁན་Scot Walkerམཆོག་གིས། རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་འཚམས་འདྲིར་ཕེབས་རྒྱུ་ཕྱིར་འཐེན་བྱེད་དགོས་ལུགས་གསུངས་ཡོད་པ་དང་། དེ་ནི་ཨ་རིའི་Wisconsinམངའ་སྡེའི་སྲིད་སྐྱོང་དང་། སྤྱི་མཐུན་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་མིར་བཞེངས་མཁན་སྐུ་ཞབས་Scott Walkerམཆོག་ཡིན་པར། ཁོང་གིས་གཟའ་ཟླ་བའི་ཉིན། རྒྱ་ནག་གི་ཕྱོགས་ནས་དཔལ་འབྱོར་ཀྱི་གནས་སྟངས་སེལ་ཐབས་སུ་གཡོ་བྱུས་ཀྱི་བཅོས་བསྒྱུར་བཏང་བའི་སྲིད་བྱུས་ཀྱི་རྐྱེན་པས་ཨ་མི་རི་ཀའི་མ་རྐང་ཁྲོམ་རའི་གནས་སྟངས་ཧ་ཅང་དམའ་རུ་ཕྱིན་པ་དང་། དེ་བཞིན་ཨ་རིའི་དྲ་རྒྱའི་ཐོག་གསང་བ་རྐུ་འཁྱེར་དང་སིམ་འཛུལ་བྱས་པ་སོགས་དོ་ཕོག་བཏང་བ་། ཡང་ཕྱོགས་གཞན་ཞིག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་གི་ཐོག་དམག་དོན་རྒྱ་བསྐྱེད་བཏང་བ་སོགས་ཕྱོགས་གང་ས་ནས་བརྟན་ལྷིང་མེད་པ་བཟོས་པ། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཡེ་ཤུའི་ཆོས་བྱེད་པ་ཚོར་བསུན་གཙེར་དང་སྡུག་སྦྱོང་བཏང་དང་གཏོང་བཞིན་པ་བཅས་གང་ལྟར་། ཨ་རིའི་དཔལ་འབྱོར་དང་། ཁྲོམ་རའི་གནས་སྟངས་ལ་དོ་ཕོག་བཏང་བའི་སྲིད་བྱུས་འཛིན་བཞིན་པ་བཅས་ཀྱི་གནས་སྟངས་འོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རིང་མིན་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་ཕེབས་རྒྱུ་དེ་བཞིན་ཕྱིར་འཐེན་བྱེད་བཅུག་དགོས་ལུགས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕྱི་ཟླ་དགུ་པའི་ཟླ་མཇུག་ཙམ་ལ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དང་། གྲོང་ཁྱེར་ནིའུ་ཡོག་ཏུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་འདུག་ཀྱང་ད་ལྟའི་ཆར་དུས་ཚོད་ངེས་ཅན་གསལ་བསྒྲགས་གནང་མེད་པ་རེད།
སྐབས་དེར་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་ནས་གཞུང་འབྲེལ་གྱི་སྣེ་ལེན་ཞུ་འཆར་ཡོད་པ་རེད། འོན་ཀྱང་ཕྱོགས་མང་པོ་ཞིག་ནས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་རྒྱ་ནག་གི་དཔལ་འབྱོར་གྱི་སྲིད་བྱུས་དེས་ཨ་རིར་གྱོང་གུན་ཆེན་པོ་ཕོག་གི་ཡོད་པའི་སྐྱོན་བརྗོད་ཀྱིས་སྣེ་ལེན་ཞུ་ཕྱོགས་ལའང་མི་འདོད་པའི་རྣམ་འགྱུར་བསྟན་མཁན་མང་པོ་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།