ཆོས་ལུགས་ཆོས་བརྒྱུད་ཚང་མ་མཐུན་ལམ་དགོས་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།
2018.01.18
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཆོས་ལུགས་ཆོས་བརྒྱུད་ཚང་མ་མཐུན་ལམ་གནང་དགོས་བ་རྡོ་རྗེ་གདན་ནས་བཀའ་ནན་པོ་གནང་འདུག
དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ། དད་ལྡན་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་གི་སྟ་གོན་གྱི་རིམ་པ་ཁག་སྩལ་གནང་མཛད་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་གླིང་གི་ཆོས་ལུགས་ནང་ཕན་ཚུན་མཐུན་ལམ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཀྱི་ཆོས་བརྒྱུད་ཁག་དབར་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ནི་དེ་བས་གལ་ཆེ་བ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་སྤྱི་དང་ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉམས་ལེན་བྱེད་མཁན་ཚོས་སངས་རྒྱས་ཀྱི་གསུང་ལ་ཤེས་ནས་དད་པ་ཐོབ་པ་སྟེ། རིག་པའི་རྗེས་འབྲངས་ཀྱི་ཆོས་པ་ཞིག་བྱ་དགོས་པ་བཀའ་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་དབང་སོགས་ཞུ་སྐབས་སྐྱབས་སུ་མཆི་ཞེས་དད་པ་ཙམ་གྱི་རྗེས་སུ་འཇུག་མཁན་ཆགས་ཡོད་ཀྱང་། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ནང་པ་མ་ཡིན་མཁན། ཕྱིས་སུ་ནང་པ་ཆགས་ཏེ་ཉམས་ལེན་བྱེད་མཁན་དེ་དག་གིས་སངས་རྒྱས་ཀྱི་གསུང་ལ་ཞིབ་འཇུག་བྱས་ནས་དད་པ་ཐོབ་པ་དེ་དག་ནི་ཕལ་ཆེར་དད་པའི་རྗེས་འབྲངས་ཀྱི་ནང་པ་ཞེས་བརྗོད་ཆོག་ཡིན་པ་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་གྱི་ཆོས་ཉམས་ལེན་བྱ་མཁན་ཚོས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་བྱ་དགོས་པ་ལས། ཁ་ནས་སེམས་ཅན་ཐམས་ཅད་ཞེས་བརྗོད་པ་ཙམ་གྱིས་ཐེག་ཆེན་གྱི་ཆོས་པ་ངོ་མ་ཆགས་རྒྱུ་མིན་པ་བཀའ་གནང་འདུག
གསར་འགོད་པ་སྐལྡན་བློ་གྲོས།