བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་དགོས་བའི་གྲོས་ཆོད།
2016.03.29

དེ་ཡང་ཨ་མི་རི་ཀའི་Vermontམངའ་སྡེའི་གྲོས་ཚོགས་འོག་མས་ཉེ་བའི་ཕྱི་ཟླ་༣ཚེས་༡༠་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་སོགས་བོད་དོན་གྲོས་ཆོད་ཞིག་འཇོག་གནང་མཛད་ཡོད་པ་རེད།
བོད་དོན་གྲོས་གཞི་དེ་བཞིན་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་Maida Townsendལགས་ཀྱིས་བཏོན་ཡོད་པ་དང་། གྲོས་གཞི་དེར་གྲོས་ཚོགས་ཀྱི་འཐུས་མི་གཞན་༣༩ཡིས་རྒྱབ་སྐྱོར་གནང་ནས་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་འདུག
གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་གྱི་སྐུ་ཚབ་དང་། གསར་འགོད་པ་ དེ་བཞིན་ཨ་རིའི་མི་སེར་ཡིན་པའི་བོད་རིགས་ཐེ་བའི་ཕྱི་རྒྱལ་བ་བོད་ནང་འགྲོ་བསྐྱོད་བྱ་རྒྱུར་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཨ་མི་རི་ཀའི་དབུས་གཞུང་གིས་གནང་བཞིན་པ་དེར་མངའ་སྡེའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བསྐྱར་གསོ་གནང་དགོས་པ་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་མིར་རང་སྐྱོང་ཀྱི་གནས་བབ་ཚད་ལྡན་ཞིག་འཐོབ་པ་དགོས་རྒྱུའི་ཐོག་རྒྱ་ནག་གཞུང་གིས་དེ་ཐོག་དགོངས་བཞེས་གནང་དགོས་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་བ་བཟང་དུ་བཏང་བར་ཐོག་མར་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་སྲིད་ཇུས་འཛིན་བཞིན་པར་རྒྱབ་སྐྱོར་ཞུ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་དང་། ཁོར་ཡུག་བཅས་ལ་རྒྱ་ནག་གཞུང་གིས་སྲུང་སྐྱོབ་བྱ་དགོས་པ་སོགས་གྲོས་ཆོད་དེའི་ནང་འཁོད་ཡོད་འདུག
དེ་བཞིན་གྲོས་ཆོད་དེའི་ནང་། བོད་ལ་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་དང་། ཆབ་སྲིད་ཀྱི་ལོ་རྒྱུས་ནང་ཕྱི་ལོ་༡༩༥༠ལོར་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ནས་བོད་བཙན་བཟུང་བྱས་ཡོད་པ་དང་། དུས་ད་ལྟའང་བོད་ནང་གི་བོད་མི་རྣམས་དཀའ་ངལ་ཆེན་པོའི་ངང་གནས་ཡོད་པ་སོགས་གྲོས་ཚོགས་ནས་ངོས་བཞེས་གནང་འདུག
ཨ་མི་རི་ཀའི་Vermont མངའ་སྡེའི་གྲོས་ཚོགས་འོག་མས་བཞག་པའི་བོད་དོན་གྲོས་ཆོད་དེའི་ངོ་བཤུས་ཤིག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་དང་། ཨ་རིའི་སྲིད་འཛིན་Obamaམཆོག Vermont མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་བཅས་ལ་ཕུལ་ཡོད་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།