གྲོས་ཚོགས་ནང་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལ་མྱ་ངན།


2016.03.29

གྲོས་ཚོཊ་ནང་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལཊ་སྐུ་ཚེ་མ་ཟིན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་སྤྱི་མོས་གྲོས་ཆོད་བཞག་པ།
དེ་ཡང་ཁ་ས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༡༡་པའི་ཉིན་བདུན་པའི་ཐོག་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་བཞག་གནང་འདུག
སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་ཕྱི་ལོ་༢༠༡༦ཟླ་བ་༢ཚེས་༧་ཉིན་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བའི་ནང་། བོད་མི་མང་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་དམ་པ་དེ་ནི། ཕྱི་ལོ་༡༩༣༠་ལོར་འཁྲུངས་ཞིང་། བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་༡༩༦༠ལོར་རྒྱལ་གཅེས་སྙིང་སྟོབས་དང་། ལྷག་བསམ་ཆེན་པོས་ཀ་རྡོར་བུད་མེད་མཐུན་ཚོགས་གསར་འཛུགས་སྐབས་ཀྱི་རྒྱུན་ལས་དང་། ཕྱི་ལོ་༡༩༦༤བར་མཐུན་གྲོགས་ཚོགས་པ་དེའི་ནང་ཕྱག་ལས་གནང་། རྡོར་གླིང་Saint Joseph་དབྱིན་ཇིའི་སློབ་གྲྭའི་ནང་སློབ་སྦྱོང་ཕྲན་བུ་གནང་སྟེ། སྐབས་དེར་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་གྲབས་ཡིན་པས། བལ་ཡུལ་འཇོ་འཁེལ་ཁུལ་སུད་སི་རྒྱ་གྲམ་དམར་པོའི་རོགས་རམ་འབྱོར་བཞིན་པའི་རོགས་ཚོགས་དང་། བོད་ནས་བོད་མི་གསར་དུ་རིམ་འབྱོར་རྣམས་ལ་གསུང་སྒྱུར་གནང་སྟེ་ཕན་རླབས་ཆེན་པོ་བྱུང་བ་དང་། ཕྱི་ལོ་༡༩༦༦ཟླ་༩ཚེས་༢ནས་ཕྱི་ལོ་༡༩༦༩ཟླ་༡༡ཚེས་༢༤བར་བོད་མི་མང་སྤྱི་འཐུས་སྐབས་གསུམ་པ་དང་། ཕྱི་ལོ་༡༩༦༩ཟླ་༡༡ཚེས་༢༥ནས་ཕྱི་ལོ་༡༩༧༢ ཟླ་༡༢ ཚེས་༡༤་བར་བོད་མི་མང་སྤྱི་འཐུས་སྐབས་བཞི་པ་བཅས་ཀྱི་ལས་འཁུར་བཞེས་ཡོད་པ་དང་། རྡ་ས་བཞུགས་སྒར་དུ་བོད་ཀྱི་བུད་མེད་ཚོགས་པ་དང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ཕྱག་ལས་རིམ་པར་གནང་ཞིང་། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མར་དབུ་འཛུགས་སྐབས་དཔལ་འབྱོར་ཐབས་འཚོལ་གྱི་མཐུན་འགྱུར་ཞུ་སྒོའི་ཐོག་ལ་ཐུགས་འཁུར་ཆེན་པོ་བཞེས་ཡོད་པ་སོགས་ཁོང་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་ལུགས་གསུངས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཁོང་ལ་བསྔགས་བརྗོད་དང་། དམ་པ་དེའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎