ཨུཛ་བེ་ཀེསི་ཐན་གྱི་རང་བཙན་དུས་དྲན་ལ་སྲུང་བརྩི།
2011.09.01
༄༅༎དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ དབུས་ཨེ་ཤི་ཡའི་ཡུལ་གྲུ་ ཨུཛ་བེ་ཀེསི་ཐན་གྱིས་ དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནས་རང་བཙན་ཐོབ་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཤིང༌། ཨུཛ་བེཀ་གྱི་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་ནང་དཔལ་འབྱོར་དང་ཆབ་སྲིད་བཅོས་བསྒྱུར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཨུཛ་བེ་ཀིསི་ཐན་ནི་དབུས་ཨེ་ཤི་ཡའི་ནང་གི་མི་འབོར་མང་ཤོས་ཡོད་པའི་ཡུལ་གྲུ་དེ་ཡིན་པ་རེད།
སྲིད་འཛིན་ ཨིསི་ལམ་ ཀ་རི་མོལྦ་གྱིས་ ཕྱི་ལོ་ ༡༩༩༡ ལོར་ཨུཛ་བེ་ཀིསི་ཐན་གྱིས་ ཕྱི་ཕྱོགས་ཀྱི་མི་སེར་སྤེལ་བའི་གདུག་རྩུབ་ཀྱི་བྱ་སྤྱོད་དང་ གཞན་ལ་བརྟེན་པའི་ལོ་རྒྱུས་མཇུག་བསྒྲིལ་བ་བཟོས་པ་དང་ དེ་ནས་བཟུང་ད་བར་ང་ཚོར་ཕྱི་ཕྱོགས་ནས་ཉེན་བརྡ་ཇི་ཙམ་བྱུང་མིན་ལ་མ་ལྟོས་པ་དང་ ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇི་ཙམ་ལ་གདོང་ལེན་བྱེད་དགོས་བྱུང་མིན་ལ་མ་ལྟོས་པར་ ང་ཚོས་བདམས་པའི་ལམ་དེ་ནམ་ཡང་དོར་མེད་ལ་ད་དུང་ཡང་དོར་རྒྱུ་མིན་ཞེས་དང་ ད་དུང་སྲིད་འཛིན་ ཀ་རི་མོལྦ་གྱིས་ ཁོང་གི་ངོས་ནས་ཨུཛ་བེཀ་དེ་བཞིན་འབྱོར་ལྡན་གྱི་ཡུལ་གྲུ་ཞིག་ཏུ་འགྱུར་བའི་དམིགས་ཡུལ་འགྲུབ་རྒྱུར་ ཁོང་རང་ཉིད་ཀྱི་མི་ཚེ་བློས་གཏོང་གནང་རྒྱུ་ཡིན་པ་གསུངས་པ་དང་ཆབས་ཅིག་ཁོང་གིས་ ང་ཚོས་འགྲུབ་དགོས་པའི་ལས་དོན་གལ་འགངས་ཆེ་ཤོས་ནི་ མུ་འཐུད་མང་གཙོ་འཕེལ་རྒྱས་གཏོང་རྒྱུ་དང་ རྒྱལ་ཁབ་ཀྱི་སྤྱིའི་ཁོར་ཡུག་གུ་ཡངས་དང་དེང་དུས་ཅན་དུ་འགྱུར་ཐབས་བྱེད་རྒྱུ་དེ་དག་ཡིན་པ་བརྗོད་འདུག།
ཨུཛ་བེཀསི་ཐན་གྱི་མི་འབོར་ས་ཡ་ ༢༨ ཙམ་ཡིན་ཞིང་ འདས་པའི་ལོ་ཤས་ནང་སྲིད་འཛིན་ ཀ་རི་མོལྦ་གྱིས་ ནུབ་ཕྱོགས་ཡུལ་གྲུ་དང་འབྲེལ་ཐག་རིང་དུ་བཏང་སྟེ་ ར་ཤི་ཡ་དང་རྒྱ་ནག་སོགས་དང་འབྲེལ་ལམ་ཉེ་རུ་བཏང་པའི་སྲིད་བྱུས་ཤིག་བཟུང་བཞིན་ཡོད་པ་རེད།