ཐེམ་ཆེན་ཕྱོགས་སུ་རྒྱ་སྐད་གཙོ་བོ་བྱེད་པའི་སྲིད་ཇུས་ལག་བསྟར་གྱི་འཆར་གཞི་འཐེན་བཞིན་པར་བོད་མི་ཚོས་སེམས་ཁྲལ།


2020.09.10
བོད་ནང་བསླབ་གཞི་དང་སློབ་ཚན་ཁག་གི་སྦྱང་བྱའི་དེབ། ༢༠༢༠ བོད་ནང་བསླབ་གཞི་དང་སློབ་ཚན་ཁག་གི་སྦྱང་བྱའི་དེབ། ༢༠༢༠
བོད་འབྱོར།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་བོང་སྟག་ས་ཁུལ་དུ་བོད་ཡིག་གཙོ་བོ་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང་ཁག་ཅིག་ཟླ་སྒྲིལ་བཏང་ནས་རྒྱ་སྐད་གཙོ་བོ་བྱེད་པའི་སྲིད་ཇུས་ལག་བསྟར་གྱི་འཆར་གཞི་འཐེན་བཞིན་པར་ས་གནས་མང་ཚོགས་ནས་སེམས་ཁྲལ་བྱེད་བཞིན་འདུག
ཉེ་ཆར་ཕྱི་ཟླ་༩་པའི་ཚེས་འགོར་སློབ་སྐབས་གསར་བ་འགོ་འཛུགས་པའི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་ནང་ཡོད་པའི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་བ་དེ་གནས་སྤོར་བྱས་ནས་བོང་སྟག་སྟེ་ཐེམ་ཆེན་རྫོང་ཐོག་ཡོད་པའི་མི་རིགས་སློབ་འབྲིང་དང་པོ་དང་ཟླ་སྒྲིལ་བྱས་ཡོད་པ་དང་། དེ་བཞིན་ཡང་རྫོང་ཐོག་དེ་ན་སྔོན་མ་ནས་ཡོད་པའི་མི་རིགས་ཆ་ཚང་སློབ་ཆུང་དང་པོ་དེ་ལོ་ཤས་སྔོན་གསར་དུ་བཙུགས་པའི་མི་རིགས་སློབ་ཆུང་གཉིས་བའི་ནང་ཟླ་སྒྲིལ་བཏང་ཡོད་ལ། མི་རིགས་སློབ་ཆུང་དང་པོའི་ཤུལ་དུ་མཐོ་འབྲིང་སློབ་གྲྭ་ཞིག་འཛུགས་འཆར་ཡོད་པ་དང་། དེ་མིན་བོང་སྟག་ས་གནས་སུ་ཐོག་མ་ནས་ཡོད་པའི་མི་རིགས་སློབ་ཆུང་དང་པོ་དང་། མི་རིགས་སློབ་འབྲིང་དང་པོའི་ནང་སློབ་གསོའི་ཐབས་ལམ་དང་པོ་ཞེས་པའི་བོད་ཡིག་གཙོ་བོ་ཡིན་པའི་སློབ་ཁྲིད་བྱེད་བཞིན་ཡོད་ལ།  ལོ་ཤས་སྔོན་གསར་དུ་བཙུགས་པའི་སློབ་ཆུང་གཉིས་པའི་ནང་སློབ་གསོའི་ཐབས་ལམ་གཉིས་པའམ་རྒྱ་སྐད་གཙོ་བོ་བྱེད་པའི་སློབ་ཁྲིད་བྱེད་བཞིན་ཡོད་འདུག
ས་གནས་བོད་མི་ཞིག་གིས་གསུང་ན། སྔོན་མ་ས་གནས་བོད་མི་ཚོས་སོ་སོའི་བྱིས་པ་བོད་ཡིག་གཙོ་བོ་དང་། རྒྱ་ཡིག་གཙོ་བྱེད་པའི་སློབ་གྲྭ་གང་ལ་འགྲོ་ན་འདེམས་ཀ་ཡོད་པས། བོད་མི་མང་པོས་སོ་སོའི་བྱིས་པ་བོད་ཡིག་གཙོ་བོ་བྱེད་པའི་སློབ་གྲྭར་བསྐྱལ་བཞིན་ཡོད་པས། སློབ་གྲྭ་གསར་བ་དེ་དག་ལ་དེ་འདྲ་དོ་སྣང་བྱེད་ཀྱི་མེད་ཀྱང་། ད་ལོ་དངོས་སུ་སློབ་གྲྭ་ཁག་ཟླ་སྒྲིལ་བྱས་པས་མི་མང་པོ་ཞིག་གིས་གཞི་ནས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་ལ། སློབ་སྐབས་འདིར་ད་དུང་བོད་སྐད་གཙོ་བོ་བྱེད་པའི་སློབ་ཚན་ཁག་མེད་པར་བཟོས་མེད་ཀྱང་། དེ་ནི་སློབ་གསོའི་ཐབས་ལམ་གཉིས་བ་ཞེས་པའི་རྒྱ་སྐད་གཙོ་བོ་བྱེད་པའི་སློབ་ཁྲིད་སྲིད་ཇུས་དེ་ལག་བསྟར་བྱེད་པར་འཆར་གཞི་འཐེན་བཞིན་ཡོད་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
དེ་མིན་ཐེམ་ཆེན་མི་རིགས་སློབ་འབྲིང་གཉིས་བ་དེ་ཕྱི་ལོ་༢༠༠༢་ལོར་སེང་གེ་ཡུལ་ཚོའི་སློབ་ཆུང་དེ་གཏེར་ལེན་ཁ་གྲོང་ཁྱེར་དུ་གནས་སྤོར་བྱས་ཏེ་དེའི་རྨང་གཞིའི་ཐོག་གསར་འཛུགས་དང་། སྐབས་དེར་སློབ་མ་༢༠༠་ལྷག་དང་། འཛིན་གྲྭ་དགུ་ཡོད་འདུག
ཐེམ་ཆེན་མི་རིགས་སློབ་ཆུང་གཉིས་བ་ཞེས་བ་དེ་ཕྱི་ལོ་༢༠༡༤་ལོར་གསར་འཛུགས་གནང་བ་དང་། སློབ་ཕྲུག་༡༢༠༠་ཙམ་དང་འཛིན་གྲྭ་༢༦་ཡོད། ལོ་ཤས་ནང་སློབ་གྲྭ་འདིར་བཀག་སྡོམ་སློབ་གསོ་ཟེར་བ་སྤེལ་ཏེ་དམག་མིའི་སློབ་གྲྭ་ལྟ་བུའི་སློབ་གསོ་སྤྲོད་བཞིན་པ་དེར་ས་གནས་ཀྱི་ན་གཞོན་ཤེས་ཡོན་པ་ཁ་ཤས་ནས་རྩོམ་ཡིག་སྤེལ་ཏེ་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད།
སྔོན་མ་ནས་བོད་ཡིག་གཙོ་བོ་བྱེད་པའི་ཐེམ་ཆེན་མི་རིགས་སློབ་འབྲིང་དང་པོ་དེ། ཕྱི་ལོ་༡༩༨༡་ལོར་བཙུགས་པ་དང་། བོང་སྟག་ས་ཁུལ་གྱི་བོད་ཡིག་སློབ་གཉེར་བྱེད་སའི་སློབ་གྲྭ་ཐོག་མ་དེ་རེད། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་ནི་ཕྱི་ལོ་༡༩༩༠་ཙམ་ལ་གསར་འཛུགས་གནང་བའི་བོང་སྟག་ས་ཁུལ་གྱི་ཆ་ཚང་བཅའ་སྡོད་སློབ་ཆུང་ཆེ་ཤོས་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎