ཨ་རིའི་རོགས་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་ཞིག་རྡ་རམ་ས་ལར་ཕེབས་འབྱོར་བྱུང་འདུག

ཟླ་བ་འདིའི་ཚེས་༡༣ཉིན་ཨ་རིའི་རོགས་ཚོགས་(USAID)་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་(Isobel Coleman)་ལགས་གཙོས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་པ་དང་། ད་རེས་ཨ་རིའི་རོགས་ཚོགས་(USAID)་ཀྱི་མཐོ་རིམ་ལས་བྱེད་སྐུ་ཚབ་ཚོགས་ཆུང་ཞིག་རྡ་རམ་ས་ལར་ཉིན་གཉིས་རིང་གཟིགས་སྐོར་དུ་ཕེབས་ནས་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་དང་ལྷན་མཇལ་མོལ་གནང་ཞིང་། དེའི་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་གཟིགས་སྐོར་དང་། དེ་ནས་བོད་རིགས་གཞོན་སྐྱེས་ཁག་ཅིག་དང་ལྷན་མཇལ་མོལ་གནང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང།
ཚེས་༡༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་གཏན་འཁེལ་འདུག་ཅིང་། ད་བར་ཨ་རིའི་གཞུང་གིས་བོད་མི་ཚོར་རོགས་རམ་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་བདེ་དོན་གྱི་ལས་འཆར་ལྟར་མཉམ་མཐུན་གྱི་ནུས་བ་སྤུངས་ཐབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ལྟར་མ་འོངས་རོགས་རམ་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་རྒྱུས་ལོན་གྱི་གོ་སྐབས་ཡག་པོ་ཞིག་ཡིན་སྟབས། ད་རེས་ཁོང་རྣམ་པ་ཆེད་དུ་རྡ་རམ་ས་ལར་ཕེབས་པ་གནད་འགག་ཆེན་པོ་ཡིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་མུ་མཐུད་དུ་གསུངས་བྱུང་།
ད་རེས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་དེ་(USAID)་ཞེས་པའི་ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་(Isobel Coleman)་ལགས་ཀྱིས་སྣེ་ཁྲིད་འོག་འཛིན་སྐྱོང་ལས་རོགས་(Michael Schiffer)་ལགས་དང་། རོགས་ཚོགས་ཀྱི་རྒྱ་གར་ཁུལ་གྱི་ཆེད་གཉེར་དོན་གཅོད་ལས་ཚབ་(Karen Klimowski)་ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་དམིགས་བསལ་ལས་རོགས་(Emily Green)་ལགས། ལས་འཆར་གཙོ་འཛིན་གཞོན་པ་(Sonali Korde)་ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་སློབ་སྟོན་པ་རྒན་པ་(Sophia Lalani)་ལགས་བཅས་ཡོད་པ་དང་། ཨ་རིའི་གཞུང་གི་བོད་དོན་ལས་གཞིའི་རོགས་དངུལ་མང་ཤོས་ཨ་རིའི་(USAID)་ཞེས་པའི་རོགས་ཚོགས་བརྒྱུད་ནས་གནང་གི་ཡོད་པ་རེད།
ཨ་རིའི་གཞུང་གིས་བོད་དང་འབྲེལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བཞིན་པའི་ཁོངས་སུ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་ལས་ཁང་ལ་ཨ་སྒོར་ས་ཡ་གཅིག་གཏོང་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་བོད་མིའི་སྲོལ་རྒྱུན་ཁག་མི་ཉམས་རྒྱུད་འཛིན་དང་ཡུན་གནས་ཐུབ་པའི་ཡར་རྒྱས་ཀྱི་ལས་དོན་སྤེལ་རྒྱུ། ཤེས་ཡོན་དང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ཕྱག་ལས་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཀྱི་ཁག་ལ་ཨ་སྒོར་ས་ཡ་༡༠གནང་རྒྱུ། ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་བདག་གཅེས་སྲུང་སྐྱོབ་ཞུ་རྒྱུ་དང་། རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་མིའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཡར་རྒྱས་ཀྱི་ལས་གཞི་སོགས་ལ་ཨ་སྒོར་ས་ཡ་༨གནང་རྒྱུ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གོང་འཕེལ་གཏོང་ཐབས་ཀྱི་ཆེད་ཨ་སྒོར་ས་ཡ་༣ལས་མ་ཉུང་བའི་རོགས་དངུལ་གནང་བཞིན་ཡོད་པ་སོགས་བཀོད་གནང་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།