ཨ་རྒྱ་གཉིས་བར་འབྲེལ་བ་ཕྱི་གསལ་ནང་གསལ་བྱས་ན་གྲུབ་འབྲས་ཐོན་རྒྱུའི་རེ་བ་ཡོད་པ་ཨ་རིའི་ཚོང་དོན་དྲུང་ཆེ་ཡིས་གསུངས་འདུག

འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་དཔལ་འབྱོར་གྱི་འབྲེལ་བ་དེ་བརྟན་ཉར་གལ་ཆེ་བ་རྒྱ་ནག་ནང་གཟིགས་སྐོར་གནང་བཞིན་པའི་ཨ་རིའི་ཚོང་དོན་དྲུང་ཆེ་ཡིས་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་ཚོང་དོན་དྲུང་ཆེ་ལྕམ་(Gina Raimondo)་ཡིས་དེང་སྐབས་རྒྱ་ནག་ནང་གཞུང་དོན་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་། རེས་གཟའ་ཟླ་བ་ཉིན་ཁོང་གིས་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་དཔལ་འབྱོར་གྱི་འབྲེལ་བ་དེ་བརྟན་པོ་ཞིག་ཉར་རྒྱུ་དེ་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་བ་དེ་བརྟན་པོ་ཞིག་ཉར་བའི་རེ་བ་གནང་གི་ཡོད། རྒྱལ་ཁབ་གཉིས་བར་ལོ་རེར་མ་གནས་ཨ་སྒོར་ཐེར་འབུམ་༧༠༠ལྷག་གི་ཚོང་འབྲེལ་ཡོད་སྐོར་གསུངས་འདུག
ཡང་ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་དེ་རྙོག་འཛིང་ཆེན་པོ་ཞིག་ཡིན་པ་དང་། དེར་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྟབས། ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་གནད་དོན་འགའ་ཞིག་གི་ཐོག་མོས་མཐུན་ཡོང་གི་མེད་ནའང་། གལ་ཏེ། ཕྱོགས་ཕན་ཚུན་བར་འབྲེལ་བ་ཐད་ཀར་དང་ཕྱི་གསལ་ནང་གསལ། ལག་ལེན་འཁེལ་བ་ཞིག་གནང་བ་ཡིན་ན་དེར་གྲུབ་འབྲས་ཐོན་རྒྱུའི་རེ་བ་བཟང་པོ་ཡོད་པ་གསུངས་འདུག
ད་ཐེངས་ཨ་མི་རི་ཀའི་ཚོང་དོན་དྲུང་ཆེ་ལྕམ་(Raimondo)་ཡིས་རྒྱ་ནག་ནང་གི་ཉིན་གསུམ་གྱི་གཟིགས་སྐོར་རིང་། རྒྱ་ནག་གི་སྲིད་དོན་དང་ཚོང་འབྲེལ་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་ནས་ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་ཚོང་ལས་འབྲེལ་ལམ་དེ་བཟང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།
རེས་གཟའ་ཟླ་བ་ཉིན་ཁོང་གིས་རྒྱ་ནག་གི་ཚོང་དོན་བློན་ཆེན་(Wang Wentao)་དང་དུས་ཡུན་ཆུ་ཚོད་གཉིས་ལྷག་མཇལ་མོལ་གནང་ཡོད་པ་རེད་འདུག རྒྱ་ནག་གི་ཚོང་དོན་བློན་ཆེན་ཝང་ཡིས། རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་དཔལ་འབྱོར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཙམ་མ་ཟད། འཛམ་གླིང་གི་ཐོག་གནད་འགག་ཆགས་ཡོད་པའི་སྐོར་དང་། ལྕམ་(Raimondo)་ཡིས་རྒྱ་ནག་དང་ཚོང་འབྲེལ་གནང་རྒྱུའི་མདུན་པ་ཡོད་པའི་བཀའ་མོལ་གནང་བ་དེར་དགའ་བསུ་དང་ཡི་རང་ཡོད་པ་བརྗོད་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།