ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དྲ་ལམ་བརྒྱུད་མཇལ་མོལ་ཐེངས་ལྔ་བ་གནང་འཆར་འདུག

2022.07.27
ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་དྲ་ལམ་བརྒྱུད་མཇལ་མོལ་ཐེངས་ལྔ་བ་གནང་འཆར་འདུག ཨ་རིའི་སྲིད་འཛིན་སྦཡེ་ཌེན་(Biden)་དང་རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕིང་(Xi Jinping)་གཉིས།
སྒྲིག་བཟོ། /AP

དེ་ཡང་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་(John Kirby)་ལགས་ཀྱིས། ཨ་རིའི་སྲིད་འཛིན་སྦཡེ་ཌེན་(Biden)་དང་རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕིང་(Xi Jinping)་གཉིས་འདི་ཚེས་༢༨གཟའ་ཕུར་བུའི་ཉིན་དྲ་ལམ་བརྒྱུད་མཇལ་མོལ་གནང་འཆར་ཡོད་པ་དང་། སྐབས་དེར་ཐེ་ཝན་གྱི་གནད་དོན་དང་། ཡུཀ་རེན་ནང་གི་དམག་འཁྲུག དེ་བཞིན་རྒྱལ་ཁབ་གཉིས་བར་དཔལ་འབྱོར་གྱི་གནད་དོན་བཅས་པའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། སྲིད་འཛིན་རྣམ་གཉིས་བར་དྲ་ལམ་བརྒྱུད་མཇལ་མོལ་གནང་བ་ད་རེས་ཐེངས་ལྔ་པ་ཆགས་ཀྱི་ཡོད་པ་དང་། དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་རིང་མིན་ཐེ་ཝན་དུ་གཞུང་དོན་འཚམས་གཟིགས་གནང་འཆར་ཡོད་པའི་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཡ་ལན་སློག་རྒྱུ་ཡིན་ཚུལ་བཤད་བཞིན་པའི་དུས་སུ་འཁེལ་ཡོད་པ་རེད།
ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་(John Kirby)་ ལགས་ཀྱིས། ཨ་རི་གཞུང་གི་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཀྱང་ཁྲིམས་ཐོག་ནས་ཐེ་ཝན་སྲུང་སྐྱོབ་ཀྱི་འགན་འཁུར་ཡང་ཡོད། ཁྲིམས་མཐུན་འགྲོ་ལུགས་ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Pelosi)་མཆོག་སྲིད་འཛིན་གྱི་སྐུ་དབང་བཞེས་འོས་པའི་གོ་རིམ་གསུམ་པ་ཡིན་པར་བརྟེན། ཁོང་ཕྱི་ཕྱོགས་སུ་ཕེབས་བསྐྱོད་གནང་པའི་གནས་སྟངས་འདི་ཨ་རིའི་རྒྱལ་སྲུང་གི་གནད་དོན་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་ཁོང་དངོས་སུ་ཐེ་ཝན་དུ་ཕེབས་དང་མི་ཕེབས་དེ་ཁོང་སྐུ་ཉིད་ནས་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་རེད་ལ། ལྕམ་(Pelosi)་མཆོག་གི་འཚམས་གཟིགས་སྐོར་ལ་རྒྱ་ནག་གི་ཕྱོགས་ནས་འུད་སྒྲོག་ཀྱི་གཏམ་བཤད་སྣ་ཚོགས་སྤེལ་བཞིན་ཡོད་པ་དེས་ཕྱོགས་གཉིས་བར་རྙོག་གླེང་ཆེ་རུ་འགྲོ་ཉེན་ཆེ་བས་དེ་དགོས་མེད་རེད་ཅེས་གསུངས་གནང་འདུག
རྒྱ་ནག་གི་ནན་ཅིན་(Nanjing)་གཙུག་ལག་སློབ་གྲྭའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཁང་གི་གཙོ་འཛིན་(Zhu Feng)་ཟེར་བས། རྒྱ་ནག་གི་ཕྱོགས་ནས་ལྕམ་(Pelosi)་ཐེ་ཝན་དུ་འཚམས་གཟིགས་གནང་རྒྱུ་དེ། གནད་དོན་དུ་མའི་ནང་རྣོ་ངར་ཆེ་ཤོས་སུ་ངོས་འཛིན་གྱི་ཡོད་པ་བརྗོད་འདུག འོན་ཀྱང་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་དམངས་གཙོ་སྲུང་སྐྱོབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Craig Singleton)་ ལགས་ཀྱིས། སྲིད་འཛིན་ཞི་ཅིན་ཕིང་ལ་རྒྱ་ནག་ནང་ཁུལ་དུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་རྙོག་མང་དག་ཞིག་འཕྲད་བཞིན་ཡོད་སྟབས། སྲིད་འཛིན་རྣམ་གཉིས་ཀྱི་དྲ་ཐོག་གི་མཇལ་མོལ་སྐབས། ཐེ་ཝན་གྱི་གནད་དོན་གཅིག་པོ་གླེང་རྒྱུ་མིན་པ་དཔྱད་པ་གནང་འདུག
ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་བར་དྲ་ཐོག་མཇལ་མོལ་ཐེངས་ལྔ་པ་གནང་འཆར་གྱི་སྐབས་འདི། རྒྱལ་ཁབ་གཉིས་བར་གནད་དོན་དུ་མའི་ཐོག་རྙོག་གླེང་བྱུང་བཞིན་པའི་སྐབས་སུ་ཡིན་པ་རེད། དཔལ་འབྱོར་གྱི་ཐད་ནས་ཨ་རིའི་གྲོས་ཚོགས་ནང་(CHIPS)་ཞེས་པའི་ཨ་རིའི་རྩིས་འཁོར་(Computer)་བཟོ་ཚོང་ཁང་ཁག་ནས་རྒྱ་ནག་གི་འཕྲུལ་རིག་ཚོང་ལས་ལ་ཁ་གཏད་གཅོག་ཕྱིར་ཨ་སྒོར་ཐེར་འབུམ་༢༤ཡིས་དཔྱ་ཁྲལ་ཆགས་ཡང་གཏོང་རྒྱུའི་གྲོས་འཆར་བཏོན་པ་དང་། སྲིད་འཛིན་(Biden)་མཆོག་ནས་གྲོས་འཆར་དེ་གང་མགྱོགས་གཏན་འབེབས་དགོས་པའི་སྐུལ་མ་གནང་པའི་གནས་ཚུལ་དང་། དེ་བཞིན་རེས་གཟའ་མིག་མར་ཉིན་ཨ་རིའི་གཞུང་འབྲེལ་མཐོ་རིམ་མི་སྣས་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་ཁུལ་རྒྱལ་ཁབ་ཁག་གི་ས་ཆ་བདག་བཟུང་བྱས་པར་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎