ཁུའུ་བྷ་ཁུལ་ནས་སོ་མྱུལ་དང་འབྲེལ་ནས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཡང་བསྐྱར་དོ་ཕོག་ཐེབས་སྲིད་པ་རེད་འདུག

དེ་ཡང་ཨེ་ཕིས་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྒྱ་ནག་གཞུང་གིས་༢༠༡༩ལོ་ནས་བཟུང་ཁུའུ་བྷ་(Cuba)་གླིང་ཕྲན་དུ་སོ་མྱུལ་གྱི་རྟེན་གཞི་བཙུགས་ཏེ་གསང་མྱུལ་གྱི་ལས་དོན་སྤེལ་གྱི་ཡོད་པ་དང་། དེ་ནི་པེ་ཅིན་ཕྱོགས་ནས་རྒྱལ་མཚམས་བརྒལ་ནས་གོ་ལ་རང་བཞིན་གྱི་གསང་བའི་གནས་ཚུལ་འཚོལ་སྒྲུབ་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་ཨ་རིའི་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་འདུག འོན་ཀྱང་གཟའ་ཟླ་བ་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གནས་ཚུལ་དེ་བདེན་པ་མ་རེད་ཅེས་ངོས་ལེན་བྱས་མེད་པ་དང་མཉམ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་གཟིགས་སྐོར་ག་དུས་གནང་མིན་ད་ལྟའི་གནས་ཚུལ་གང་ཡང་མེད་ཅེས་བརྗོད་འདུག་པས། ཁུའུ་བྷའི་གནས་ཚུལ་དང་འབྲེལ་ནས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཐེབས་སྲིད་པ་ཡིན་འདུག
གོང་ཞུས་གསང་བའི་རྩ་འཛུགས་དེ་དང་འབྲེལ་མིང་དངོས་སུ་བཤད་འདོད་མེད་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཞིག་གིས། རྒྱ་ནག་གཞུང་གིས་ཁུའུ་བྷ་ཁུལ་ནས་གསང་མྱུལ་གྱི་ལས་དོན་སྤེལ་ནས་གོ་ལ་རང་བཞིན་གྱི་གསང་བའི་གནས་ཚུལ་འཚོལ་སྒྲུབ་དང་འབྲེལ་བའི་རྟེན་གཞི་འཛུགས་པར་ཐབས་ཤེས་རྒྱ་ཆེན་པོ་བྱས་ཡོད་པ་ཨ་རིའི་གསང་བའི་ལས་ཁུངས་ཁག་ནས་ཤེས་རྟོགས་བྱུང་ཡོད་ལུགས་བརྗོད་འདུག་པ་མ་ཟད། སྦཡེ་ཌེན་འཛིན་སྐྱོང་གི་ངོས་ནས་རྒྱ་ནག་གི་གསང་མྱུལ་རྒྱ་སྐྱེད་བཟློག་ཐབས་སུ་ཕྱི་འབྲེལ་དང་དེ་མིན་གྱི་ཐབས་ལམ་བརྒྱུད་འབད་བརྩོན་བྱས་འབྲས་སུ་ཕན་ནུས་གང་མཚམས་ཐོན་ཡོད་པ་འགྲེལ་བརྗོད་བྱས་འདུག དམར་ཤོག་ལུང་པ་ཁུའུ་བྷ་དང་རྒྱ་ནག་བར་གླིང་ཕྲན་དེའི་ནང་གློག་ཆས་ཀྱི་ལམ་ནས་གསང་བའི་གནས་ཚུལ་འཚོལ་སྒྲུབ་ཀྱི་རྟེན་གཞི་འཛུགས་རྒྱུར་ཕྱོགས་གཉིས་བར་རྩ་བའི་ཆ་ནས་མོས་མཐུན་བྱུང་ཡོད་པའི་སྐོར་(Wall Street Journal)་ཞེས་པའི་གསར་ཤོག་གིས་གཟའ་ཕུར་བུའི་ཉིན་གནས་ཚུལ་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་ཕྱོགས་ནས་གྲོས་མོལ་གྱི་ཆ་ཤས་སུ་ཁུའུ་བྷ་ལ་ཨ་སྒོར་ཐེར་འབུམ་གྱི་རོགས་རམ་བྱ་རྒྱུའི་འཆར་གཞི་འཐེན་ཡོད་པ་བཀོད་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།