ཨ་རིའི་གྲོས་ཚོགས་འོག་མས་ཨ་རི་དང་རྒྱ་ནག་གི་ཐབས་བྱུས་ཚོགས་ཆུང་ཟེར་བའི་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་འདུག
གསར་དུ་འདེམས་ཐོན་བྱུང་བ་སྐབས་༡༡༨པའི་ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་གིས་ཨ་རིར་ཐབས་བྱུས་ཀྱི་འགྲན་བསྡུར་བྱེད་བཞིན་པ་འགོག་ཐབས་སོགས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་དམིགས་ཡུལ་འགོག་ཐབས་གཙོ་བོར་དམིགས་སྟེ། ཨ་རི་དང་རྒྱ་ནག་གི་ཐབས་བྱུས་ཚོགས་ཆུང་ཟེར་བའི་དམིགས་བསལ་ཚོགས་ཆུང་ཞིག་ཕྱི་ཟླ་༡ཚེས་༡༠ཉིན་གསར་བཙུགས་གནང་འདུག
གསར་དུ་འདེམས་ཐོན་བྱུང་བ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝིན་མེ་ཁར་ཐི་(Kevin McCarthy)་ལགས་ཀྱིས། ཚོགས་ཆུང་འདིའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་ཨ་རིར་འགྲན་བསྡུར་བྱེད་ཡུལ་དཔལ་འབྱོར་དང་ཚན་རྩལ། བདེ་སྲུང་བཅས་ཀྱི་ལས་གཞི་སོགས་ཀྱི་ཐད་ཞིབ་འཇུག་ལས་དོན་སྤེལ་རྒྱུ་དང་། ཨ་རིའི་གཞུང་གིས་རྒྱ་ནག་ལ་སྲིད་བྱུས་འཛིན་ཕྱོགས་ཐད་སློབ་སྟོན་འབུལ་རྒྱུ་བཅས་ཡིན་པ་གསུངས་འདུག
དེ་བཞིན་ཁོང་གིས་ཚོགས་ཆུང་དེའི་ངོས་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་གནོན་ཤུགས་སྤྲོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཚོད་འཛིན་གྱི་ཐོག་ཕྱི་གསལ་ནང་གསལ་མེད་པའི་གནད་དོན་བཅས་ལ་ལྟ་ཞིབ་ཆེད་དམིགས་རྒྱུ་ཡིན་པ་གསུངས་ཡོད་འདུག
རྒྱ་ནག་ལ་ལྟ་ཞིབ་བྱེད་མཁན་གྱི་ཚོགས་ཆུང་དེའི་ཚོགས་གཙོར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Mike Gallagher)་བསྐོ་བཞག་གནང་འདུག།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།