ཨ་རིའི་དམག་གི་གྲུ་གཟིངས་ཐེ་ཝན་མཚོ་ཁག་གི་མཚོ་ལམ་ཐོག་ཐེངས་གཉིས་པ་སྐོར་བསྐྱོད་བྱས་པ།

དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༣༡ རེས་གཟའ་ཕུར་བུའི་ཉིན་རོའི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་།་ཨ་མེ་རི་ཀའི་དམག་གི་གྲུ་གཟིངས་གཉིས་ཀྱིས་རེས་གཟའ་ཕུར་བུའི་ཉིན་ཚོར་རྣོར་ཆེ་བའི་ཐེ་ཝན་མཚོ་འགག་བརྒྱུད་ནས་སྐོར་བསྐྱོད་བྱས་ཡོད་པའི་སྐོར་ཨ་རིའི་མཚོ་དམག་དཔོན་རིགས་ནས་གསུངས་ཡོད་ཅིང་། དེ་ནི་ཟླ་བ་འདིའི་ནང་ལ་ཐེངས་གཉིས་པ་སྐོར་བསྐྱོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གནམ་དམག་འཁྱེར་བའི་གྲུ་གཟིངས་ཀྱིས་མཚོ་ལམ་དེའི་ཐོག་འགྲིམ་འགྲུལ་བྱས་ནས་གཟའ་འཁོར་གཉིས་ཙམ་ཕྱིན་པའི་རྗེས་དེར་ཨ་རིའི་དམག་གི་གྲུ་གཟིངས་དེ་གཉིས་ཀྱིས་མཚོ་ལམ་དེའི་ཐོག་འགྲིམ་འགྲུལ་བྱས་ཡོད་པ་རེད། ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་དེ་ནི་བརྒྱུན་གཏན་གྱི་བྱ་གཞག་ཅིག་རེད་ཅེས་བརྗོད་འདུག
ཨ་མེ་རི་ཀས་ཐེ་ཝན་ལ་གོ་མཚོན་ཚོང་པ་དང་། ཨ་རིའི་དམག་གི་གྲུ་གཟིངས་ཐེ་ཝན་མཚོ་འགག་གི་མཚོ་ཐོག་ཏུ་འགྲིམ་འགྲུལ་བྱེད་པ་སོགས་ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་དམངས་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ས་ཁུལ་ཡིན་པ་ཤོད་མཁན་གྱི་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཤིང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།
ཨ་མེ་རི་ཀའི་མཚོ་དམག་གིས། མེ་ཤུགས་འཕུར་མདེལ་གཏོར་རྒོལ་གཏོང་མཁན་གྱི་ཨ་རིའི་དམག་གྲུ་USS John S. McCain དང་USS Curtis Wilbur ཟེར་བ་གཉིས་ཀྱིས་ཕྱི་ཟླ་༡༢པའི་ཚེས་༣༡ ཉིན། རྒྱལ་སྤྱིའི་ཁྲིམས་ལུགས་དང་བསྟུན་ནས་ཐེ་ཝན་མཚོ་ཐོག་བརྒྱུད་འགྲིམ་འགྲུལ་བྱས་པ་དང་། ཐེ་ཝན་གྱི་མཚོ་ཐོག་ཏུ་འགྲིམ་འགྲུལ་བྱེད་པའི་ལས་དོན་དེ་ནི་ཨ་མེ་རི་ཀའི་ངོས་ནས་Indo-Pacific ཞེས་པའི་Australia ནས་གཙོས་པའི་Vietnam བར་གྱི་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ཞིག་གནས་ཡུལ་གྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་འགྲིམ་འགྲུལ་འགོག་རྐྱེན་མེད་པ་དང་། རང་དབང་ཡིན་པའི་རྣམ་པ་སྟོན་གནང་བ་ཞིག་ཡིན་པ་མ་ཟད། ཨ་མེ་རི་ཀའི་དམག་དཔུང་གིས་གནམ་དམག་འཕུར་བསྐྱོད་དང་དམག་གྲུ་འགྲིམ་འགྲུལ་བྱ་རྒྱུ། དམག་དོན་གྱི་བྱེད་སྒོ་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ༢༠༢༠ ལོ་དེའི་ནང་ཐེ་ཝན་མཚོ་ཐོག་ཏུ་ཨ་རིའི་དམག་གྲུ་ཐེངས་༡༣ འཕུར་བྱས་ཡོད་པ་རེད་འདུག