ཨ་རིས་ཧོང་ཀོང་གི་གནད་དོན་དང་འབྲེལ་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་འགེལ་རྒྱུ་ཡིན་འདུག
ཨ་མི་རི་ཀས་ཧོང་ཀོང་ནང་གི་དམངས་གཙོའི་ལམ་ལུགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་འགེལ་རྒྱུ་ཡིན་འདུག
དེ་ཡང་རོ་ཡ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་ཧོང་ཀོང་ནང་གི་དམངས་གཙོའི་ལམ་ལུགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་འགེལ་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པས་ཧོང་གི་ནང་སྒེར་དང་ཁེ་གཉེར་ལས་ཁང་ཁག་ལ་དཀའ་ངལ་དང་ཉེན་ཁ་འཕྲད་སྲིད་པའི་གནས་སྟངས་གསལ་སྟོན་དང་མཉམ། འདི་ཚེས་༡༦་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་། ནོར་སྲིད་ལྷན་ཁང་། ཚོང་དོན་ལྷན་ཁང་། རྒྱལ་ནང་ཉེན་འགོག་ལྷན་ཁང་བཅས་ནས་མཉམ་འབྲེལ་ཐོག ཧོང་ཀོང་དང་ཚོང་འབྲེལ་བྱེད་མཁན་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཚོས་ཧོང་ཀོང་ནང་གི་གནས་སྟངས་ཇེ་ཞེན་དུ་འགྲོ་བཞིན་པའི་སྐབས་འདིར་ཚོང་འབྲེལ་བྱེད་སྐབས་ཉེན་ཁ་དང་གཟབ་ནན་བྱེད་དགོས་སོགས་ཀྱི་ཐད་སྔོན་བརྡའི་ཚུལ་དུ་ལམ་སྟོན་གནང་ཡོད་པ་རེད།
ཡང་ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་ནས། ཧོང་ཀོང་ནང་ཚོང་ལས་བྱེད་མཁན་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་ཁག་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་ཁག་གི་ཐོག་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
ཨ་མི་རི་ཀས་ཧོང་ཀོང་ནང་གི་དམངས་གཙོའི་ལམ་ལུགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་འགེལ་རྒྱུར་རྒྱ་ནག་གི་དཔོན་རིགས་བདུན་ལ་དམིགས་ཚད་བཟུང་ཡོད་པ་དང་། དེ་དག་ནི་རྒྱ་ནག་སྐམ་སའི་ཧོང་ཀོང་གི་འབྲེལ་མཐུད་ལས་ཁང་ནས་ཧོང་ཀོང་ནང་རྒྱ་ནག་དབུས་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པའི་ལས་འཆར་ཁག་གི་གཞུང་འབྲེལ་གླེང་སྟེགས་ཀྱི་དཔོན་རིགས་ཁག་ཡིན་འདུག
རྒྱ་ནག་གཞུང་གིས་སྔ་ལོ་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱེད་དོན་ནི། ས་གནས་ཀྱི་དམངས་གཙོའི་ལམ་ལུགས་ལ་དགའ་ཞེན་ཡོད་པའི་དམངས་གཙོ་དོན་གཉེར་བ་ཚོ་དང་། གསར་འགོད་རང་དབང་ལ་དྲག་གནོན་བྱེད་ཕྱིར་ཡིན་སྐོར་གནད་དོན་དཔྱད་ཞིབ་པ་ཚོས་གསུངས་ཀྱི་ཡོད་པ་རེད།
འདི་ཚེས་༡༥་རེས་གཟའ་ཕུར་བུའི་ཉིན། ཨ་རིའི་སྲིད་འཛིན་(Joe Biden)་མཆོག་དང་ཇར་མ་ནིའི་དབུ་ཁྲིད་ལྕམ་(Angela Merkel)་རྣམ་གཉིས་ཀྱིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་གོང་ཞུས་གནད་དོན་སྐོར་བཀའ་འདྲི་ཞུ་སྐབས། ཨ་རིའི་སྲིད་འཛིན་མཆོག་གིས་ཧོང་ཀོང་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་ཁས་ལེན་དམ་བཅའ་ཁག་བརྩི་སྲུང་ཞུ་བཞིན་མེད་པས་ན། གནད་དོན་དེ་སེལ་ཐབས་ཆེད་ཡིན་སྐོར་གསུངས་འདུག
དེ་ནི་ཨ་རིའི་སྲིད་འཛིན་(Biden)་འཛིན་སྐྱོང་གིས་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་པ་བཟོ་རྒྱུའི་བྱེད་ཐབས་ཡིན་པ་དང་། དབྱིན་ཇིས་ཕྱི་ལོ་༡༩༩༧་ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། ཧོང་ཀོང་ནང་ཁྲིམས་ཀྱི་དབང་བསྒྱུར་རིམ་ཟད་དུ་ཕྱིན་སྐོར་ཨ་རིས་ངོས་འཛིན་གནང་གི་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཧོང་ཀོང་ནི་རྒྱ་ནག་གི་ཡིན་པ་དང་། ཨ་རིས་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་སྐོར་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།