ཉེ་ལམ་ཚེས་༥་རེས་གཟའ་པ་སངས་ཉིན་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱ་ནག་དབུས་རྒྱལ་ཁབ་བདེ་འཇགས་ཅིང་སུའུ་ཡན་ལག་གི་དཔོན་རིགས་(Xu Yanjun)་ཟེར་བས། ཨ་རིའི་མཁའ་འགྲུལ་ཁེ་གཉེར་ལས་ཁང་ནས་གསང་བ་རྐུ་འཁྱེར་བྱས་ཡོད་པ་མཚོན་ཨ་རིའི་དཔལ་འབྱོར་དང་ཚོང་ལས་ཐད་གསང་ཉུལ་དང་གསང་བ་རྐུ་འཁྱེར་བྱས་པའི་ཉེས་པ་མི་འདྲ་བ་ལྔ་གཏན་འཁེལ་གྱིས་བཅད་ཁྲ་བསྒྲགས་ཡོད་པ་(RTR)་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་རིགས་(Xu)་ལ་རིང་ན་མི་ལོ་༦༠་ཡི་བཙོན་འཇུག་ཁྲིམས་ཆད་ཐོག་ཨ་སྒོར་ས་ཡ་ལྔ་ཡི་དཔལ་འབྱོར་ཉེས་ཆད་བཅས་ཕོག་ཉེན་ཡོད་པ་རེད།
ཡང་དེའི་ཐད་སྤྱི་ཟླ་༡༡་པའི་ཚེས་༨་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་ཡིས་ཨ་རིས་(Xu Yanjun)་ལ་ཨ་རིའི་ཚོང་ལས་དང་དཔལ་འབྱོར་གྱི་གསང་བ་བརྐུ་འཁྱེར་བྱས་པའི་ཉེས་མིང་བཀེལ་བ་དེ་ནི་མི་བདེན་རྫུན་སྒྲིག་གཟུགས་མེད་གྲིབ་བཟོ་བྱས་པ་ཞིག་ཡིན་ལུགས་བརྗོད་ནས། ང་ཚོས་ཨ་རིས་ཁྲིམས་ཀྱི་འགྲོ་ལུགས་ལྟར་དྲང་བདེན་གྱི་ལམ་ནས་གྱོད་དོན་འདིར་ཐག་གཅོད་བྱས་ནས། རྒྱ་ནག་གི་མི་སེར་(Xu)་ཡི་ཁེ་དབང་སྲུང་སྐྱོབ་བྱེད་དགོས་ལུགས་སོགས་བརྗོད་ཡོད་འདུག
རྒྱ་རིགས་(Xu)་ནི་ཐོག་མར་སྤྱི་ལོ་༢༠༡༨་ལོར་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་ནས་འཛིན་བཟུང་བྱས་བ་དང་། ཁོང་ནི་ཕལ་ཆེར་ཕྱིའི་རྒྱལ་ཁབ་ནས་ཨ་རིར་རྩིས་སྤྲོད་བྱས་པའི་རྒྱ་ནག་གི་མྱུལ་མ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ལ། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་ལྟར་ན། གོང་ཞུས་ཨ་རིའི་ཚོང་ལས་དང་དཔལ་འབྱོར་ལ་གསང་ཉུལ་དང་གསང་པ་རྐུ་འཁྱེར་བྱེད་མཁན་རྒྱ་ནག་གི་མི་སེར་(Xu)་ནི་རྒྱ་ནག་དབུས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་(Jiangsu)་ཞིང་ཆེན་ཁུལ་གྱི་ལན་ཡག་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་ཤིག་ཡིན་པ་སོགས་གནས་ཚུལ་ནང་འཁོད་འདུག
རྒྱ་ནག་གི་གསང་བའི་མི་སྣ་ཞིག་ལ་ཨ་རིའི་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་པ་དེ་ཡང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཐད་དངངས་འཚབ་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་དང་འཁེལ་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།