ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

2023.04.06

དེ་ཡང་རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་སྔ་ས་ནས་དགག་བྱ་དང་སྡིགས་ར་སྐུལ་མིན་ལ་མ་བལྟོས་བར། འདི་ཚེས་༥ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Kevin McCarthy)་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་ལགས་དང་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་(California)་ནང་གི་ཨ་རིའི་སྲིད་འཛིན་ཟུར་པ་(Ronald Reagan)་དམ་པའི་དྲན་རྟེན་དཔེ་མཛོད་ཁང་དུ་མཇལ་འཕྲད་གནང་ཡོད་པ་དང་།

ད་རེས་ཨ་རིའི་དཔོན་རིགས་མཐོ་གྲས་ཞིག་གིས་ཨ་རིའི་ས་ཐོག་ཏུ་ཐེ་ཝན་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་པ་བཅས་ལ་བརྟེན་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཏེ་དེ་ནི་ཨ་རིས་ཐེ་ཝན་ངོས་འཛིན་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་འགལ་གྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།
དེའི་སྔོན་ཨ་རིའི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ལ་གློག་འཕྲིན་བཏང་ནས། ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་དང་མཇལ་འཕྲད་མི་བྱེད་པའི་ནན་སྐུལ་བྱས་ནས་མཇལ་འཕྲད་འགོག་ཐབས་བྱས་ཡོད་ཀྱང་དེར་ངོས་ལེན་གནང་མེད་པ་དྲྭ་ལམ་ཁག་ན་གསལ་བོ་མཐོང་རྒྱུ་ཡོད་པ་རེད།

Kevin McCarthy.jpg
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། མཇལ་འཕྲད་དེའི་རྗེས་ཐེ་ཝན་གྱི་སྲིད་འཛིན་གྱིས་གསར་འགོད་པ་ཚོར། ཐེ་ཝན་དང་ཨ་རིའི་མཛའ་མཐུན་ནི་རང་དབང་དང་དམངས་གཙོ་རྒྱལ་ཁབ་ཁག་ལ་གལ་ཆེན་ཡིན་པ་བཅས་ཨ་རིའི་འབྲེལ་ལམ་འཛིན་སྟངས་ཐད་བསྔགས་བརྗོད་གནང་ནས། ང་ཚོས་ཡང་བསྐྱར་ཞི་བདེ་དང་དམངས་གཙོ་ཉེན་ཁ་འཕྲད་བཞིན་པ་ཚོར་བའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་ངེས་བ་དང་། ཐེ་ཝན་ཁེར་རྐྱང་མིན་པའི་བློ་སྤོབས་སྤྱིན་སྐོར་གསུངས་ཡོད་འདུག་ལ། མཇལ་འཕྲད་བྱེད་ཡུལ་གྱི་ཕྱི་ཕྱོགས་སུ་མང་པོ་ཞིག་གིས་ཐེ་ཝན་གྱི་རྒྱལ་དར་འཕྱར་ནས་ཐེ་ཝན་ཤུགས་རྒྱོབ་ཞེས་སྐད་འབོད་བྱེད་བཞིན་ཐེ་ཝན་གྱི་སྲིད་འཛིན་ལ་ཕེབས་བསུ་དང་རྒྱབ་སྐྱོར་བྱེད་བཞིན་པ་དང་། ཡང་མང་པོ་ཞིག་གིས་རྒྱ་ནག་གི་རྒྱལ་དར་འཕྲད་ནས་མཇལ་འཕྲད་དེར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།
གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་གྱིས་སྤྱི་བསྒྲགས་སྤེལ་བའི་ནང་། ཨ་རི་དང་རྒྱ་ནག་ཡུལ་གཉིས་བར་ཐེ་ཝན་གྱི་ཐོག་ལངས་ཕྱོགས་འཛིན་སྟངས་དང་ངོས་ལེན་བྱེད་ཕྱོགས་ཐད་འགལ་འཛོལ་གྱི་བྱ་སྤྱོད་སྤེལ་བ་འདིས། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་ཚབས་ཆེ་བཏང་བ་ཞིག་རེད་། འོན་ཀྱང་ང་ཚོས་རྒྱལ་ཁབ་ཀྱི་ངོ་བོ་དང་། ས་ཆའི་བདག་དབང་སྲུང་སྐྱོབ་ནན་པོའི་ཐོག་ནས་བྱེད་ཀྱི་རེད་ཅེས་བཀོད་ནས་མཇལ་འཕྲད་དེར་སྐྱོན་བརྗོད་བྱས་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་འཐུས་ཀྱི་ཕྱི་སྲིད་ལས་དོན་ཚན་པའི་ངོས་ནས་ཀྱང་སྤྱི་བསྒྲགས་སྤེལ་ཡོད་པ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་པའི་ནང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་(McCarthy)་ཡིས་ང་ཚོ་ཡུལ་གཉིས་ཀྱི་ཐེ་ཝན་ཐོག་འཛིན་པའི་སྲིད་བྱུས་དང་འགལ་འཛོལ་གྱི་བྱ་སྤྱོད་སྤེལ་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག
སྔ་ལོ་སྤྱི་ཟླ་༨པའི་ནང་། སྐབས་དེའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་དངོས་སུ་འཚམས་གཟིགས་གནང་སྐབས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེར་བྱས་བ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁུལ་དུ་མཁའ་མཚོ་གཉིས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱས་ཡོད་པ་ལྟར། ད་ཐེངས་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁུལ་གྱི་ཉེ་འགྲམ་དུ་དམག་གྲུ་ཁག་ཅིག་བཏང་ནས་དམག་སྦྱོང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་པོ་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་ལ་ནམ་ཞིག་ཟླ་སྒྲིལ་གཏོང་རྒྱུ་ཡིན་ལུགས་བཤད་བཞིན་པ་དང་། ཨ་རིའི་ངོས་ནས་དེ་སྔ་ཕྱི་ལོ་༡༩༧༩ལོར་རྒྱ་ནག་དང་མཉམ་འབྲེལ་ལམ་གསར་བཟོའི་ཆེད། རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་འཛིན་བཞིན་ཡོད་ཀྱང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གིས་ཐེ་ཝན་ལ་དམག་དོན་གྱི་སྡིགས་ར་སྐུལ་བཞིན་པར་ཨ་རིས་ཐེ་ཝན་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་བཏང་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎