ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ལགས་ཀྱིས་ཨ་རི་སྲིད་གཞུང་ནས་བོད་མི་དང་བལ་ཡུལ་ལ་རོགས་དངུལ་མུ་མཐུད་མཁོ་སྤྲོད་དགོས་པའི་རེ་སྐུལ་གནང་འདུག

2025.04.04
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ལགས་ཀྱིས་ཨ་རི་སྲིད་གཞུང་ནས་བོད་མི་དང་བལ་ཡུལ་ལ་རོགས་དངུལ་མུ་མཐུད་མཁོ་སྤྲོད་དགོས་པའི་རེ་སྐུལ་གནང་འདུག གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༥།༠༢།༢༥
Reuters

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་(Chuck Schumer) ལགས་ཀྱིས་ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པས་ཕྱི་རྒྱལ་རོགས་དངུལ་མཚམས་འཇོག་བྱས་པར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བལ་ཡུལ་ནང་ཤེས་ཡོན་དང་འཕྲོད་བསྟེན་སོགས་དང་འབྲེལ་བའི་ལས་གཞིར་དོ་ཕོག་ཆེན་པོ་ཐེབས་ཡོད་སྐོར་གསལ་སྟོན་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག

དེ་ཡང་གསར་འགོད་བསྒྲགས་གཏམ་ནང་དུ་ཨ་རི་ནིའུ་ཡོག་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ལགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཕྱི་རྒྱལ་རོགས་དངུལ་འཕྲལ་དུ་མཚམས་འཇོག་བྱས་རྐྱེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། བལ་ཡུལ་ནང་གི་མ་དང་ཕྲུ་གུའི་འཕྲོད་བསྟེན་དང་། སོ་ནམ་ཞིང་ལས། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་ལས་གཞི་ཡོངས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་གསལ་སྟོན་གནང་འདུག་ལ། དེའི་ནང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་ལས་གཞི་ཁོངས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་དཔལ་འབྱོར་ཐོག་རང་ཁ་རང་གསོ་ཡོང་ཆེད་ཨ་སྒོར་ས་ཡ་བདུན་ཙམ་རོགས་དངུལ་མཁོ་སྤྲོད་བྱེད་པའི་ལྷོ་ཨེ་ཤེ་ཡའི་བོད་མིའི་འདུས་སྡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་བཟོད་ནུས་གོང་མཐོར་སྤེལ་བ་ཞེས་པའི་ལས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༢་༨༩། བོད་མིའི་ཡིག་རྙིང་བྲིས་མ་དང་དངོས་རྫས་གཅེས་འཛིན་དང་འབྲེལ་བའི་བོད་མིའི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞིའི་ཆེད་ཨ་སྒོར་ ༧༣༢༠༠༠ མཚམས་འཇོག་བྱས་ཡོད་པ་གསལ་སྟོན་གནང་འདུག

གཞན་ཡང་བསྒྲགས་གཏམ་ནང་དུ་ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་ལ་རོགས་དངུལ་ས་ཡ་འགའ་ཤས་མཚམས་འཇོག་པར་བརྟེན་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་སྡེ་ཚན་ལའང་བོད་མི་ཚོར་བཀག་སྡོམ་མེད་པའི་གནས་ཚུལ་སྤེལ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་པ་གསལ་འདུག

ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པར་བརྟེན་བལ་ཡུལ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དོ་ཕོག་ཇི་ཡོད་སྐོར་གྲོས་ཚོགས་འཐུས་མི་ཅག་ལགས་ཀྱིས་གསུངས་དོན་ལ། "ཨ་རི་དང་བལ་ཡུལ་གྱི་འབྲེལ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཨ་རི་གནས་སྡོད་བལ་པོ་དང་བོད་མིའི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་ནིའུ་ཡོག་ཁུལ་གྱི་བལ་པོ་དང་བོད་མི་རྣམས་ནི་རིན་ཐང་དང་གསོན་ཤུགས་ལྡན་པའི་སྤྱི་ཚོགས་ཤིག་ཡིན། ལོ་བདུན་ཅུ་ལྷག་གི་རིང་ལ་ཨ་རིས་བལ་ཡུལ་དང་མཉམ་ལས་ཀྱིས་བལ་ཡུལ་ནང་གི་འཕྲོད་བསྟེན་ལས་གཞི་ཁག་དང་། སོ་ནམ་ལམ་ལུགས། དེ་བཞིན་མི་མང་ལ་ཤེས་ཡོན་གྱི་གོ་སྐབས་ཀྱི་ཆེད་གལ་ཆེའི་རོགས་རམ་མཐུན་འགྱུར་ཞུས་ཡོད། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་གཉའ་གནོན་དང་། རིག་གཞུང་རྩ་གཏོར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་སོགས་ཀྱི་དཀའ་ངལ་མྱངས་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་རམ་དང་རྒྱབ་སྐྱོར་མཚམས་འཇོག་བྱེད་རྒྱུ་ནི་དོན་དང་ལྡན་པ་ཞིག་མ་རེད།"  ཅེས་དང་། དེ་བཞིན་ཁོང་གིས་ཨ་རིའི་རོགས་དངུལ་དེ་དག་གི་ཕྱི་རྒྱལ་དུ་མིའི་ཚེ་སྲོག་སྐྱོབ་པའི་ལས་གཞི་མཚོན་པའི་ལས་འཆར་གལ་ཆེན་མང་པོར་རྒྱབ་སྐྱོར་ཕན་གྲོགས་བྱེད་ཀྱི་ཡོད་པ་མ་ཟད།  བོད་མི་དང་བལ་པོར་རྒྱབ་སྐྱོར་བྱེད་པ་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས། ཨ་རིའི་སྲིད་གཞུང་ནས་བལ་ཡུལ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རོགས་དངུལ་མཁོ་སྤྲོད་མུ་མཐུད་གནང་དགོས་པའི་རེ་འདུན་བཏོན་འདུག

ཨ་རིའི་རོགས་དངུལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དགོས་མཁོ་ཆེ་ཚུལ་སྐོར་ཨ་རིའི་བོད་ཀྱི་ཐེབས་རྩའི་ཚོགས་གཙོ་བྷོབ་ཨན་ཀར་སོན་ལགས་ཀྱིས། "ཨ་རིའི་རོགས་དངུལ་གློ་བུར་དུ་མཚམས་འཇོག་བྱས་པ་དེས་རྒྱ་གར་དང་བལ་ཡུལ་གྱི་བོད་མི་བཙན་བྱོལ་བ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཨ་རིའི་རོགས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཉམ་ཐག་ཚོར་ཤེས་ཡོན་དང་། འཕྲོད་བསྟེན། དཔལ་འབྱོར་ཡར་རྒྱས་གཏང་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱས་ཡོད། རོགས་དངུལ་གློ་བུར་དུ་མཚམས་འཇོག་བྱས་པར་བརྟེན་གལ་ཆེའི་ལས་གཞི་ཁག་ལ་དོ་ཕོག་དང་། མི་མང་མང་པོའི་ཚེ་བར་དཀའ་ངལ་བཟོས་ཡོད། ང་ཚོས་སྲིད་གཞུང་ལ་ཐག་གཅོད་འདིར་བསྐྱར་ཞིབ་བྱས་ཏེ། བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་བར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་འདུག

དེ་བཞིན་ནིའུ་ཡོག་གནས་སྡོད་བོད་མི་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས། "ལོ་མང་པོའི་རིང་ལ་ཨ་རིའི་རོགས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་ལ་བོད་མིའི་ངོ་བོ་རྒྱུན་འཛིན་ཐད་གལ་ཆེའི་ལས་དོན་བསྒྲུབས་ཡོད། བོད་མིར་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་པ་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་རིག་གཞུང་རྒྱུན་གནས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད།" ཅེས་གསུངས།

གཞི་རྩའི་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཨ་རིའི་འགྲོ་གྲོན་བསྲི་ཚགས་བྱ་རྒྱུར་དམིགས་ཏེ། ཕྱི་རྒྱལ་ལ་རོགས་དངུལ་མཁོ་སྤྲོད་བྱ་རྒྱུར་སྟངས་འཛིན་དོ་ནན་གྱིས། ཨ་རིའི་རོགས་ཚོགས་བརྒྱུད་ཕྱི་རྒྱལ་ཁག་ལ་རོགས་དངུལ་མཁོ་སྤྲོད་བྱེད་བཞིན་པ་ལས་བརྒྱ་ཆ་བརྒྱད་བཅུ་ལྷག་མཚམས་འཇོག་བྱས་ཡོད་པ་དང་། དེའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང་། འཛིན་སྐྱོང་ཡར་རྒྱས། ནུས་པས་གོང་སྤེལ་སོགས་དང་འབྲེལ་བའི་ལས་གཞི་ཁག་ཅིག་ཀྱང་འཚུད་ཡོད། དེ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་སྒེར་མང་པོས་ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཆེད་རོགས་དངུལ་མུ་མཐུད་གནང་བའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་མི་འབོར་དང་། སྐྱབས་བཅོལ། གཞིས་སྤོས་དང་འབྲེལ་བའི་རོགས་དངུལ་ཨ་སྒོར་ས་ཡ་གཉིས་བསྐྱར་གསོ་ཐུབ་པ་བྱུང་ཡོད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎