ཨ་རིའི་རོགས་ཚོགས་ནས་ལྷོ་ཨེ་ཤེ་ཡའི་བོད་མིའི་འདུས་སྡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་བཟོད་ནུས་གོང་མཐོར་སྤེལ་བ་ཞེས་པའི་ལས་གཞི་གསར་དུ་དབུ་འབྱེད་གནང་བ།

2024.11.26
ཨ་རིའི་རོགས་ཚོགས་ནས་ལྷོ་ཨེ་ཤེ་ཡའི་བོད་མིའི་འདུས་སྡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་བཟོད་ནུས་གོང་མཐོར་སྤེལ་བ་ཞེས་པའི་ལས་གཞི་གསར་དུ་དབུ་འབྱེད་གནང་བ། སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་དང་ལས་འཆར་འགན་འཛིན་སྐུ་ཞབས་ Steven Olive ལགས། ༢༠༢༤།༡༡།༢༥ ཉིན།
RFA/ Tenzin Woeser

ཟླ་ ༡༡ ཚེས་ ༢༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཨ་རིའི་རོགས་ཚོགས་དང་བོད་མིའི་སྒྲིག་འཛུགས་མཉམ་འབྲེལ་ཐོག་ནས། ལྷོ་ཨེ་ཤི་ཡའི་བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཚོགས་བདེ་དོན་ལ་སྨན་པའི་གཞི་རྒྱ་ཆེ་བའི་ལས་གཞི་ལྷོ་ཨེ་ཤི་ཡའི་བོད་མིའི་འདུས་སྡོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་བཟོད་ནུས་གོང་མཐོར་སྤེལ་བ་ཞེས་པའི་ལས་གཞི་ཞིག་དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་དང་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་ Steven Olive ལགས་ཆེད་ཕེབས་ཀྱིས། བོད་མིའི་སྒྲིག་འཇུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནས། འདས་པའི་ལོ་ངོ་ ༦༥ ལྷག་རྒྱ་ནག་གཞུང་གིས་རྒྱུན་ཆད་མེད་པའི་སྲིད་བྱུས་ངན་པ་མང་དག་ཅིག་སྤེལ་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་རྩ་ནས་མེད་པ་བཟོས་ཏེ་བོད་ཀྱི་ངོ་བོ་རྣམས་ཤུལ་ལུས་མེད་པ་བཟོ་ཐབས་བྱས་ཡོད་ནའང། ད་བར་བོད་ཀྱི་རིག་གཞུང་དང་ངོ་བོ་རྣམས་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་ནི་བོད་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་རོགས་སྐྱོར་ཚོགས་པ་དང་རྒྱ་གར་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཁོང་རྣམས་ནི་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་སོང་།

42113e0e-15be-4131-a075-15698af0a6d4.JPG
ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་གསར་པ་དབུ་འབྱེད་སྐབས། ༢༠༢༤།༡༡།༢༥ ཉིན།

གཞན་ཡང་ཐེངས་འདིའི་མཛད་སྒོའི་ཐོག་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་ Steven Olive ལགས་ནས། ཐེངས་འདིའི་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། དམིགས་བསལ་བལ་ཡུལ་དང་རྒྱ་གར། དེ་བཞིན་ལྷོ་ཨེ་ཤེ་ཡ་ཁྱོན་ཡོངས་སུ་གནས་སྡོད་བོད་མི་རྣམས་ལ་རང་རང་སོ་སོའི་ལས་འཆར་དང་འཚམ་པའི་ཟབ་སྦྱོང་འདྲ་མིན་གནང་སྟེ། ལས་འཆར་འདྲ་མིན་གཉེར་བའི་བརྒྱུད་བོད་པའི་སྐད་ཡིག་དང་རིག་གཞུང་དེ་བཞིན་ངོ་བོ་རྣམས་དུས་དང་འཚམ་པའི་ཐོག་རྒྱུན་གནས་ཐུབ་ཅིང་གོང་མཐོར་སྤེལ་སླད་དུ་ཡིན་ཞིང་། ཨ་རིའི་རོགས་སྐྱོར་ཚོགས་པས་དེ་སྔ་ནས་བཙན་བྱོལ་བོད་མི་རྣམས་ལ་ལས་གཞི་མང་དག་ཅིག་གི་ཐོག་རྒྱབ་སྐྱོར་གནང་ཡོད་པས། ལས་གཞི་དེ་དག་ལ་གྲུབ་འབྲས་གང་ལེགས་སོན་ཡོད་སྟབས་ལས་གཞི་མུ་མཐུད་རྒྱུན་འཁྱོངས་ཆེད་ཐེངས་འདིར་ལས་གཞི་གསར་པ་ཞིག་དབུ་འཛུགས་གནང་ཡོད་སྐོར་དང་། ཐེངས་འདིའི་ལས་གཞི་གསར་པ་དེའི་ནང་འདས་ཟིན་པའི་ལས་གཞི་དེ་དག་ལས་ལེགས་ཆ་མང་དག་ཅིག་བླངས་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་ཡོད་པས། ལས་གཞི་དེ་ཚགས་ཚུད་ཡོང་སླད་དུ་ཨ་རིའི་རོགས་ཚོགས་ཀྱི་ཚོགས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་དང་མཉམ་ལས་གནང་གལ་ཆེ་བ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྩ་བའི་ཐེངས་འདིའི་ཨ་རིའི་རོགས་ཚོགས་ཀྱི་ལས་གཞི་གསར་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ལས་གཞི་དེ་དང་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དང་། དྲུང་ཚབ་རྣམས་ནས་སོ་སོའི་སྤྱི་ཚོགས་བདེ་དོན་གྱི་ལས་གཞི་ཁག་ངོ་སྤྲོད་དང་ཨ་རིའི་རོགས་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ།་བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།











བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎