ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་ཨ་རིའི་མཐོང་མཆན་བཀག་སྡོམ་འཕར་མ་བྱ་རྒྱུ་ཐག་གཅོད་གནང་འདུག
མཆན། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༡ ཕྱི་དྲོ་ཆུ་ཚོད་ ༡༠།༤༥ ཐོག་གནས་ཚུལ་ཁ་སྣོན་ཞུས་ཡོད།
ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷིའོ་ (Marco Rubio) ཡིས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་ཡིག་ (Reciprocal Access to Tibet Act of 2018) ལྟར། ཕྱི་མི་བོད་ཁུལ་དུ་འགྲོ་བསྐྱོད་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱེད་མཁན་ནམ་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་རྣམས་ལ་"མཐོང་མཆན་དམ་བསྒྲགས་འཕར་མ་"གཏོང་རྒྱུའི་ཐབས་ལམ་ལག་བསྟར་བྱེད་ཀྱི་ཡིན་ཞེས་གསུངས་འདུག
གཟའ་ཟླ་བའི་ཉིན་སྤེལ་བའི་བསྒྲགས་གཏམ་ནང་། རུ་བྷིའོ་ཡིས་རྒྱ་ནག་དམར་ཤོག་ཚོགས་པ་ལ་ཨ་རིའི་གཞུང་ཚབ་པ་དང་། གསར་འགོད་པ། དེ་བཞིན་རྒྱལ་སྤྱིའི་ལྟ་ཞིབ་པ་གཞན་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དང་བོད་ཀྱི་ས་ཁུལ་གཞན་དུ་དམ་བསྒྲགས་མེད་པར་འགྲོ་བསྐྱོད་བྱེད་བཅུག་དགོས་པ་གསུངས་འདུག
དེ་ཡང་ཁོང་གིས་"དུས་ཡུན་རིང་པོ་ཞིག་ལ་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་གཞུང་ཚབ་པ་དང་། གསར་འགོད་པ། དེ་བཞིན་རྒྱལ་སྤྱིའི་ལྟ་ཞིབ་པ་གཞན་རྣམས་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་ཁོངས་ཀྱི་བོད་ཀྱི་ས་ཁུལ་གཞན་དུ་རྒྱུ་བསྐྱོད་བྱེད་བཅུག་མེད། འོན་ཀྱང་རྒྱ་ནག་གི་གཞུང་ཚབ་པ་དང་གསར་འགོད་པ་རྣམས་ཀྱིས་ཨ་རིའི་ནང་འགྲོ་བསྐྱོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད།" ཅེས་རུ་བྷིའོ་ཡིས་གསུངས་པ་དང་ཆབས་ཅིག ཨ་རིའི་གཞུང་ཚབ་པ་རྣམས་ཀྱིས་བོད་དུ་འགྲུལ་བཞུད་བྱེད་པའི་ཨ་རིའི་མི་སེར་རྣམས་ལ་གྲོགས་ཕན་ཞབས་ཞུ་སྒྲུབ་མི་ཐུབ་པ་དང་། རྒྱ་ནག་ནས་གཉིས་མོས་ཀྱི་རྣམ་པ་མེད་པ་འདི་ནི་"ངོས་ལེན་མི་ཐུབ་པ་ཞིག་ཡིན་ལ་བཟོད་བསྲན་ཡང་བྱེད་ཐབས་མེད་"ཅེས་ནན་བརྗོད་གནང་འདུག འོན་ཀྱང་ཨ་རིས་མཐོང་ཆན་དམ་བསྒྲགས་བྱ་ཡུལ་སུ་ཡིན་གྱི་མིང་འདོན་གནང་མི་འདུག
༔གནད་དོན་དེ་དང་འབྲེལ་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཀའ་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་ཉར་ཚགས་བྱེད་དགོས་པ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་ཡང་བསྐྱར་འགོ་འཛུགས་ཏེ། བོད་མི་རྣམས་ལ་གྲོས་མོལ་བརྒྱུད་ཐག་གཅོད་དང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་མུ་མཐུད་གནང་གི་ཡོད་པ་གསལ་བཤད་དང་སྦྲགས། ཨ་རི་གཞུང་གིས་རྒྱ་ནག་གི་དཔོན་རིགས་སུ་ལ་མཐོང་མཆན་དམ་དྲག་བྱས་མིན་སྐོར་ཨ་རི་གཞུང་གི་ཁྲིམས་སྒྲིག་ལྟར་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་ཆོག་གི་མེད་པ་གསུངས་བྱུང་།
ཨ་རིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་མཐོང་མཆན་བཀག་སྡོམ་བྱས་པར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༠༡ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གུ་ཧོ་ཇའི་ཀུན་( Guo Jiakun)གྱིས་ཨ་རིས་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་ཚུལ་བརྗོད་དེ་སྐྱོན་བརྗོད་དང་འབྲེལ། བོད་ནང་འགྲོ་བསྐྱོད་ལ་དམ་དྲག་མེད་ཚུལ་བརྗོད་འདུག
དེ་ཡང་ཁོས་ཨ་རིའི་བྱ་སྤྱོད་འདི་ནི་བོད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་བསྐྱར་བཤད་དང་འབྲེལ། བོད་ནང་ཕྱི་རྒྱལ་བ་རྣམས་འཛུལ་རྒྱུར་དམ་དྲག་བྱེད་པའི་སྒྲིག་གཞི་མེད་པ་མ་ཟད། བོད་ནང་ལོ་རེར་ཕྱི་རྒྱལ་བ་མང་པོ་ཡོང་གི་ཡོད་ལ། ཕྱི་ལོ་ ༢༠༢༤ ནང་ཕྱི་རྒྱལ་ཡུལ་སྐོར་བ་ ༣༢༠,༠༠༠ བོད་ལ་འབྱོར་ཡོད་ཚུལ་བསྒྲགས་འདུག

དེ་ལས་འཕྲོས་ཏེ་ཁོས་བོད་ཀྱི་དམིགས་བསལ་གནས་བབ་དང་གནམ་གཤིས་ཀྱི་གནས་སྟངས་ལ་གཞིགས་ཏེ། རྒྱ་གཞུང་གིས་ཕྱི་རྒྱལ་བ་ཚོའི་བདེ་འཇགས་ཆེད་བོད་ནང་འཛུལ་རྒྱུར་སྟངས་འཛིན་བྱེད་ཀྱི་ཡོད་ཚུལ་བརྗོད་པ་མ་ཟད། ཨ་རིས་རྒྱ་ནག་ལྷན་དུ་བོད་དོན་དང་འབྲེལ་བའི་གནད་དོན་ཁས་ལེན་བྱས་པ་རྣམས་སྲུང་བརྩི་དང་། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས་ཚུལ་བསྒྲགས་འདུག
རྩ་བའི་ (Reciprocal Access to Tibet Act) ཞེས་ཨ་རིའི་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན། སྐབས་དེ་དུས་ཀྱི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཀྲེ་མི་བྷལ་ཊ་ཝིན་ (Tammy Baldwin) རྣམ་གཉིས་ཀྱིས་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་འདུག་ཅིང་། བགྲོ་གླེང་རིམ་པ་མང་དག་བྱས་མཐར་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ཡོད།
ཁྲིམས་འཆར་དེ་ཉིད་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་མཁན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཧན་(Jim McGovern) དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རེན་ཊི་ཧུལ་གི་རིན་(Randy Hultgren)རྣམ་གཉིས་ཡིན་པ་རེད།
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༢ ནང་། ཨ་རིའི་སྲིད་འཛིན་ཟུར་པ་ཇོ་བྷའི་ཊན་ (Joe Biden) ལགས་ཀྱིས་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བའི་ཁྲིམས་འཆར་(National Defence Authorization Act) དེར་མཚན་རྟགས་བཀོད་པ་དང་ཆབ་ཅིག བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་ཡིག་ཀྱང་ལོ་འཕར་མ་ལྔ་རིང་བསྐྱར་གསོ་གནང་ཡོད།
བསྐྱར་གསོ་བྱས་པའི་ཁྲིམས་འཆར་དེའི་ནང་། རྒྱ་ནག་གི་བོད་ནང་འགྲོ་འོང་ཐད་དམ་དྲག་བྱས་པར་ཁ་གཏད་བཅོག་ཐབས་ཤུགས་ཆེར་གཏོང་དགོས་པ་དང་། བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ཐོག་དམག་དོན་དང་བདེ་འཇགས་ཐད་ཤུགས་རྐྱེན་ཇི་འགྱུར་གྱི་གནས་སྟངས་སོགས་ཐད་དོ་སྣང་བྱ་དགོས་སྐོར་བཀོད་ཡོད་པ་རེད།
འདི་ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་ཆེ་ལས་རོགས་ལས་ཚབ་ཨེལ་སྦརཊི་གྷོམ་བྷིསི་ (Albert Gombis) ཡིས་བོད་ཀྱི་ལོ་གསར་གྱི་འཚམས་འདྲི་གནང་སྐབས། ཨ་རིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་དེས་ཨ་རིའི་རང་ཉིད་ཀྱི་ནུས་པ་དང་། འཕེལ་རྒྱས། བརྟན་ལྷིང་ལ་ཕན་ནུས་སྐྲུན་གྱི་ཡོད་རེད་ཅེས་གསུངས་ཡོད།
སྤྱིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷིའོ་ (Marco Rubio) ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་གྱི་ཉིན་དང་པོ་འདིར། ང་ཚོས་འཛམ་གླིང་ཡོངས་ཀྱི་བོད་མིའི་ཚོགས་སྡེ་ཁག་གི་སྟོབས་ཤུགས་དང་རྒྱུན་གནས་བརྟན་པོར་ཐུབ་པར་དགའ་བསུ་ཞུ་རྒྱུ་དང་། ཨ་མི་རི་ཀས་བོད་མི་ཚོའི་ཀུན་ཁྱབ་ཀྱི་འགན་འཁུར་དང་། གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤུལ་བཞག་རྣམས་གོང་སྤེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཛིན་བཞིན་ཡོད་ཅེས་ལོ་གསར་ལ་འཚམས་འདྲི་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) མཆོག་གི་གཞུང་འཛིན་གསར་པའི་འོག་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཐད་ད་ལྟའི་ཆར་གསལ་བསྒྲགས་གང་ཡང་གནང་རྒྱུ་མེད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ཡིག་ཐོག་ལན་འདེབས་གནང་བའི་ནང་གསུངས་ཡོད་ལ། འདི་ནི་ད་ལྟའི་ཨ་རིའི་གཞུང་འཛིན་གསར་པས་བོད་དོན་ཡོངས་གྲགས་གསལ་བཤད་གནང་བ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་པདྨ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།