བོད་ནང་ཕར་འགྲོ་ཚུར་ཡོང་འདྲ་མཉམ་གྱི་གྲོས་འཆར་གྲོས་ཚོཊ་གོང་འོག་ནང་གཏན་འབེབས་གནང་འདུག

2018.12.12
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༨ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༨
Lhuboom/RFA

ཨ་མི་རི་ཀའི་གྲོས་ཚོགས་གོང་མས་ཡང་བགྲོ་གླེང་རིམ་པ་བྱས་མཐར་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་གོང་མ་ནས་ཡང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ལ་བགྲོ་གླེང་རིམ་པ་བྱས་མཐར་འདི་ཚེས་༡༡་ཉིན་རྒྱབ་སྐྱོར་གཏན་འབེབས་གནང་ཡོད་པ་རེད།
ཕྱི་ཚེས་༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Marco Rubio)་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་(Tammy Baldwin)རྣམས་གཉིས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་འཆར་ངོ་སྤྲོད་ཞུས་ཞིང་། དེར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་སྤྱི་མོས་རྒྱབ་སྐྱོར་གྱི་གཏན་འབེབས་བྱུང་ཡོད་པ་དང་། ད་ཆ་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་བཀོད་རྗེས་དངོས་སུ་ཁྲིམས་གཞི་གཏན་འབེབས་ཆགས་ཀྱི་ཡོད་པ་རེད།
ཁྲིམས་འཆར་དེ་བཞིན་དེ་སྔོན་ཟླ་༩་པའི་ནང་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Randy Hultgren)རྣམས་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་ནས་གཏན་འབེབས་གནང་པའི་རྗེས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འདི་ཚེས་༡༡་ཉིན་གྲོས་ཚོགས་གོང་མའི་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་པའི་རྗེས་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Robert Menendez)ལགས་ཀྱིས་ཁྲིམས་འཆར་དེ་ནི་དྲང་བདེན་དང་འབྲེལ་བ་ཡོད་པ་མ་ཟད། ཨ་རིའི་མི་སེར་དང་སློབ་མ། དེ་བཞིན་གཞུང་འབྲེལ་སྐུ་ཚབ་རྣམས་བོད་དུ་བསྐྱོད་རྒྱུའི་ཐོབ་ཐང་འདྲ་མཉམ་ཐོབ་ཀྱི་མེད་པ་དང་། དེའི་ནང་ཨ་རིའི་མི་སེར་ཡིན་པའི་བོད་རིགས་རྣམས་རང་གི་ཕ་ཡུལ་དུ་བསྐྱོད་རྒྱུའི་ཐོབ་ཐང་མེད་པ་དེ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པར་གསུངས་ཞིང་། གལ་ཏེ་རྒྱ་ནག་གི་ལས་བྱེད་དང་། སློབ་མ། གསར་འགོད་པ། དེ་བཞིན་མི་སེར་གཞན་རྣམས་ཨ་རིར་རང་དབང་ངང་འགྲོ་བསྐྱོད་ཐུབ་པ་ཡོང་དགོས་ཀྱི་ཡོད་ན་བོད་རིག་ཐེ་བའི་ཨ་རིའི་མི་སེར་རྣམས་་རྒྱ་ནག་ནང་རང་དབང་ངང་འགྲོ་བསྐྱོད་ཐུབ་པ་བཟོ་དགོས་སྐོར་གསུངས་འདུག
ཁྲིམས་འཆར་གྱི་ནང་དོན་གསལ་ལྟར་ན། ཉིན་གྲངས་༩༠ ཡི་ནང་ཚུད་ཨ་རིའི་ཕྱི་སྲིད་ལས་ཁང་གི་དྲུང་ཆེས་བོད་ནང་ཨ་རིའི་མི་སེར་འགྲོ་བསྐྱོད་ཀྱི་ཚད་གཞིའི་ཐོག་ཉམས་ཞིབ་གནང་ཏེ་ འགྲོ་བསྐྱོད་བཀག་འགོག་བྱེད་པའི་ལས་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ལས་བྱེད་རྣམས་ངོས་འཛིན་བྱས་པའི་སྙན་ཐོ་ཞིག་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ཞིབ་ལས་དོན་ཚོགས་ཆུང་བཅས་ལ་སྙན་ཐོ་འབུལ་དགོས་ཀྱི་ཡོད་འདུག་པ་དང་། གལ་ཏེ་རྒྱ་ནག་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཐོབ་ཐང་གི་ཁྲིམས་གཞི་ལག་བསྟར་མ་བྱས་ཚེ་ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཁྲིམས་གཞི་དེར་འགོག་རྐྱེན་བཟོ་མཁན་གྱི་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་རྣམས་ཨ་རིར་ཕར་འགྲོ་ཚུ་འོང་གི་ཐོབ་ཐང་བཀག་འགོག་བྱེད་དགོས་ཀྱི་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་རེས་ཨ་རིའི་གྲོས་ཚོགས་གོང་མས་བོད་ནང་ཕར་འགྲོ་ཚུར་ཡོང་གི་གྲོས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཁྲིམས་འཆར་དེར་གྲོས་ཚོགས་གོང་མའི་ནང་སྤྱི་མོས་རྒྱབ་སྐྱོར་ཐོབ་རྒྱུར་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་བོ་གྱུར་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། གཞན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་མི་ཚོས་ཐོག་མཐའ་བར་གསུམ་གྱི་ལས་འགུལ་སྣ་མང་སྤེལ་བའི་གྲུབ་འབྲས་ཤིག་ཡིན་པ་བསྔགས་བརྗོད་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎