ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཅན་གྱི་གླིང་ཕྲན་ཁུལ་དུ་ཨ་རིས་དམག་གྲུ་བཏང་འདུག
ཨ་མི་རི་ཀའི་དམག་གི་མཚོ་གྲུ་ཆེ་བ་ཞིག་རྒྱ་ནག་དང་རྒྱལ་ཁབ་ཁག་ཅིག་བར་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཐོག་བསྐྱོད་ནས་ཁུལ་དེར་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་གྲུ་གཟིངས་ཀྱི་འགྲིམས་འགྲུལ་རང་དབང་དགོས་པ་བསྟན་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཨ་རིའི་དམག་གྲུ་ཁྲིམས་འགལ་གྱི་ཐོག་ནས་མཚོ་ཁུལ་དེར་འཛུལ་ཡོང་བ་ཁོང་ཁྲོ་ཆེ་པོས་ཉེན་བརྡ་བཏང་ནས་ཕྱིར་འདེད་བྱས་ཡོད་ཅེས་བརྗོད་འདུག ཡིན་ན་ཡང་ཨ་རིའི་ཕྱོགས་ནས་དེ་བདེན་པ་མིན་པ་དང་། ཨ་རིའི་ངོས་ནས་རྒྱལ་ཁབ་གང་རུང་གི་གནམ་དང་མཚོ་ཐོག་ལ་འཕུར་སྐྱོད་ཀྱི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད། རྒྱ་ནག་གིས་བཀག་འགོག་གང་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
ཨ་རིའི་གཞུང་གིས་ཡང་ནས་ཡང་དུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་འགྲོ་བསྐྱོད་རང་དབང་ཡོད་པ་སྟོན་ཆེད། རྒྱ་ནག་གིས་ཚོད་འཛིན་བཀག་སྡོམ་བྱེད་པའི་མཚོ་ཁུལ་དུ་དམག་གྲུ་བཏང་ནས་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་རེད་ལ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་རང་དབང་འགྲོ་བསྐྱོད་བེད་སྤྱད་པ་ཞིག་ཡིན་ཅེས་བརྗོད་ཀྱི་ཡོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ནང་བདག་དབང་གི་རྩོད་གཞི་ཡོད་པའི་(Paracel)་གླིང་ཕྲན་ཁུལ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་གྲུ་གཟིངས་འགྲོ་བསྐྱོད་ལ་རང་དབང་དགོས་ལུགས་གསུངས་ཏེ། ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་མཁན་རྒྱ་ནག་དང་མཉམ་རྒྱལ་ཁབ་གཞན་ཚོས་མཚོ་ཁུལ་དེར་རང་དབང་གི་སྐྱེལ་འདྲེན་འགྲོ་བསྐྱོད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
སྤྱིར་(Paracel)་གླིང་ཕྲན་དེ་སྤྱི་ལོ་༡༩༧༤ལོར་རྒྱ་ནག་གིས་(Vietamese)་གཞུང་གི་ལག་ནས་བཙན་བཟུང་བྱས་པ་ཞིག་ཡིན་འདུག རྒྱ་ནག་གིས་ཁོང་ཚོར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཡོད་པ་བརྗོད་བཞིན་པར་དེར་རྒྱལ་སྤྱིའི་ཁྲིམས་ཁང་གིས་ངོས་ལེན་བྱེད་ཀྱི་མེད་ཀྱང་རྒྱ་ནག་གིས་ཐག་གཅོད་དེ་ལ་མོས་མཐུན་བྱེད་ཀྱི་མེད་པ་རེད།
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།