གླིང་ཕྲན་འཛུགས་སྐྲུན་མཚམས་འཇོག་བྱེད་དགོས་པ་གསུངས་འདུག།
2015.05.30

༄༅༎ཨ་མེ་རི་ཁའི་བདེ་སྲུང་དྲུང་ཆེ་ཨེཤ་ཊོན་ ཀར་ཊར་མཆོག་གིས་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་གི་བདག་དབང་ཡོད་ལུགས་བརྗོད་དེ་བཅོས་མའི་གླིང་ཕྲན་འཛུགས་སྐྲུན་བྱེད་བཞིན་པ་འཕྲལ་མར་མཚམས་འཇོག་བྱེད་དགོས་པར་གསུངས་འདུག རྒྱ་ནག་གཞུང་གིས་བཅོས་མའི་གླིང་ཕྲན་འཛུགས་སྐྲུན་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་རྒྱས་དཔྱད་གནང་བའི་ཁྲིམས་ལུགས་དང་འགལ་འཇོལ་ཡིན་པར་ཨ་རིའི་བདེ་སྲུང་དྲུང་ཆེས་གསུངས་གནང་འདུག རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་དེ་དག་ཚང་མར་བདག་དབང་ཡོད་ལུགས་བརྗོད་ཀྱི་ཡོད་ཅིང་། གླིང་ཕྲན་དེ་དག་ནི་རྡོ་སྣུམ་གཏེར་གྱི་ཕྱུག་པ་ཡིན་པ་རེད། ལྷག་པར་དུ་རྡོ་སྣུམ་འོར་འདྲེན་གྲུ་གཟིངས་ཀྱི་ལམ་ཆེན་ཞིག་ཀྱང་ཡིན་པ་རེད། ཨ་རིའི་བདེ་སྲུང་དྲུང་ཆེ་ཨེཤ་ཊོན་ ཀར་ཊར་ མཆོག་གིས་གསུངས་པར། བདག་དབང་རྩོད་པ་ཞི་མོལ་བརྒྱུད་ནས་སེལ་དགོས་པ་དང༌། དེ་ལྟར་འབྱུང་ཐབས་སུ་རྒྱ་ནག་གཞུང་གིས་བཅོས་མའི་གླིང་ཕྲན་འཛུགས་སྐྲུན་ལས་ གཞི་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་གསུངས་འདུག ལྷག་པར་དུ་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོ་དམག་དོན་རྟེན་གཞིར་བསྒྱུར་ན། ང་ཚོས་དེར་འགག་པ་བྱེད་ཀྱི་ཡིན་ཞེས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་གིས་མུ་མཐུད་གསུངས་གནང་འདུག ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་མཁན་རྒྱལ་ཁབ་ཚང་མས་རང་རང་སོ་སོའི་ཉེ་འདབས་ཀྱི་གླིང་ཕྲན་ཁག་ཏུ་ས་མཚམས་སྲུང་ཁང་འདྲ་མིན་སྣ་ཚོགས་བརྒྱབ་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱ་མཚོའི་ས་ཁྱོན་ཨེ་ཀར་ཉིས་སྟོང་ཙམ་སྐམ་སར་འགྱུར་ཏེ་བཅོས་མའི་གླིང་ཕྲན་གསར་རྒྱག་བྱས་པ་ཐོག་མ་ཡིན་པར་གསུངས་འདུག ཨ་རིའི་བདེ་སྲུང་དྲུང་ཆེ་དང་རྒྱ་ནག་གི་དམག་དཔོན་སུན་གཉིས་གནད་དོན་དེའི་ཐོག་གྲོས་མོལ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་དང་། ཤིན་ཧ་གསར་འགྱུར་ལས་ཁང་གཉིས་ཀྱིས་གླིང་ཕྲན་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ལུགས་བསྐྱར་བཤད་ཡང་བཤད་བྱས་འདུག གང་ལྟར་ཨ་མེ་རི་ཁས་མཚོ་དམག་གྲུ་གཟིངས་དང་། གནམ་དམག་གནམ་གྲུ་བཅས་བཏང་སྟེ་རྒྱ་ནག་གིས་རང་མོས་བདག་བཟུང་ལ་བརྩི་མེད་བཏང་དང་གཏོང་མུས་ཡིན་པ་རེད། འོན་ཀྱང་གླིང་ཕྲན་དེ་དག་གི་བདག་ལ་རྩོད་མཁན་གཞན་རྒྱལ་ཁབ་ལྔ་ཡོད་པ་དང༌། ས་ཁུལ་དུ་གླིང་ཕྲན་བདག་དབང་འཐབ་རྩོད་ཀྱི་འཁྲུག་རྐྱེན་ཆེན་པོ་ཡོང་སྲིད་པའི་དོགས་པ་ཡང་གནང་གི་ཡོད་པ་རེད༎
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།