ཨ་མི་རི་ཀའི་སྲིད་འཛིན་སུ་ལ་ཐོབ་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་བོད་མི་ཚོས་ཡིད་ཆེས་གནང་བཞིན་འདུག

2024.11.01
ཨ་མི་རི་ཀའི་སྲིད་འཛིན་སུ་ལ་ཐོབ་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་བོད་མི་ཚོས་ཡིད་ཆེས་གནང་བཞིན་འདུག ཨ་རིའི་མངའ་སྡེ་(Maryland)་མི་སེར་ཚོས་སྲིད་འཛིན་འོས་བསྡུ་བྱེད་བཞིན་པ། ༡༠།༢༥།༢༠༢༤
Lhuboom /RFA

དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་དེ་བཞིན་ཕྱི་ཟླ་༡༡་པའི་ཚེས་༥་སྟེ་རེས་གཟའ་མིག་དམར་ཉིན་གནང་གཏན་འཁེལ་ཡོད་སྟབས། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་(Donald Trump)་དང་། ཨ་རིའི་མང་གཙོ་ཚོགས་པའི་ངོས་ཀྱི་སྲིད་འཛིན་འོས་མི་ལས་ཐོག་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་རྣམ་གཉིས་བར་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་འགྲན་རྩོད་རྣོ་ངར་ཆེན་པོས་གནང་བཞིན་པ་དང་། ཨ་རིའི་ནང་འོས་བསྡུའི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་དང་སྤེལ་མུས་ཡིན་པ་རེད།
ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལ་འཛམ་གླིང་གང་ས་ནས་ཐུགས་སྣང་ཆེན་པོ་གནང་བཞིན་པ་ལྟར། བོད་མི་རྣམས་ཀྱིས་ཀྱང་དེ་དེ་བཞིན་གནང་གི་ཡོད་སྟབས། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ནང་རྒྱལ་ཁ་ཐོབ་མཁན་དེས་བོད་དོན་ཐོག་བཞེངས་ཕྱོགས་ག་རེ་འཛིན་གནང་རྒྱུ་ཡིན་མིན་དང་། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ཀྱིས་རང་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་དེ་བེད་སྤྱོད་གང་འདྲ་གཏོང་དགོས་སྐོར་སོགས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམ་པ་རྣམ་རྒྱལ་ཆོས་གྲུབ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་སྤྱི་བའི་དོན་དུ་ཕྱག་ལས་གནང་གི་ཡོད་དུས། ཨ་རིའི་འཛིན་སྐྱོང་ནང་ཆབ་སྲིད་ཚོགས་པ་སུ་སླེབས་ན་ཡང་དེ་དང་མཉམ་ལས་གནང་རྒྱུ་མ་གཏོགས་ཡག་སྡུག་དང་ཁྱད་པར་གང་ཡང་ལྟ་སྲོལ་མེད། མ་གཞི་བོད་ཀྱི་གནད་དོན་ནི། བདེན་པ་དང་དྲང་བདེན་ཡིན་དུས། དེ་ལ་ད་བར་དུ་ཨ་རི་དང་ཁེ་ཎ་ཌ་སོགས་ཀྱིས་རྒྱབ་སྐྱོར་ཆད་མེད་གནང་ཡོད་པ་ལྟར། ཨ་རིའི་སྲིད་དོན་ཚོགས་པ་གཉིས་བར་ཆབ་སྲིད་ལྟ་བའི་ཐོག་ནས་མ་མཐུན་པའི་གནད་དོན་ཡོད་རུང་བོད་དོན་ཐོག་སྲིད་དོན་ཚོགས་གཉིས་ཀས་ད་བར་རྒྱབ་སྐྱོར་ཧ་ཆང་ཆེན་པོ་གནང་དང་གནང་བཞིན་པ་ལྟར། ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་སུ་ལ་རྒྱལ་ཁ་ཐོབ་ན་ཡང་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུ་ཡིན་པ་ཡིད་ཆེས་ཡོད་པ་གསུངས་བྱུང་ལ། གཞན་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ཀྱིས་རང་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་དེ་བེད་སྤྱོད་གཏོང་སྟངས་སྐོར་གསུངས་སྐབས། ཨ་རིའི་མི་སེར་ཡིན་པའི་བོད་མི་མང་པོ་ཡོད་པ་ཚོས་འོས་ཤོག་འཕེན་རྒྱུ་དེ་མང་གཙོའི་ཐོབ་ཐང་ཡིན་དུས། དེ་གང་ཟག་སྒེར་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་འོས་འཕེན་དགོས་བ་ལས་བོད་ཀྱི་དོན་གཅོད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡག་སྡུག་གི་ལམ་སྟོན་གང་ཡང་མེད་ལ། དེ་བཞིན་སྲིད་སྐྱོང་མཆོག་དེ་སྔ་ཨ་རིའི་ས་གནས་ཁག་ནང་ཕེབས་སྐབས་མི་མང་ལ་གསལ་བོ་གསུངས་ཡོད་པ་གསུངས་བྱུང་།
ཨ་རིའི་སྤྱི་མཐུན་ཚོགས་པའི་(Republican)་སྲིད་འཛིན་འོས་མི་ཨ་རིའི་སྲིད་འཛིན་ཟུར་པ་(Donald Trump)་ཡིས་འདས་མ་ཐག་པའི་རེས་གཟའ་ཉི་མ་སྟེ་ཕྱི་ཟླ་༡༠་ཚེས་༢༧་ཉིན། ཨ་རིའི་དཔལ་འབྱོར་གྱི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་གི་(Madison Square Garden)་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་འོས་བསྡུའི་ལས་འགུལ་སྤེལ་སྐབས། ཚོགས་ཁང་དེའི་ནང་མི་གྲངས་ཁྲི་གཉིས་ཀྱི་རྐུབ་སྟེགས་ཡོད་པ་ཡོངས་རྫོགས་ཁེངས་ཡོད་པ་དང་། འདུ་འཛོམས་ཐོག་སྲིད་འཛིན་ཟུར་པ་མཆོག་གིས། ཁོང་གིས་ཐོག་མར་དཔལ་འབྱོར་ཐོག་ནས་ཨ རིའི་མི་མང་རྣམས་ལོ་བཞིའི་གོང་ལས་ལེགས་པ་ཡོད་མིན་དྲི་བ་བཀོད་གནང་སྟེ་གསུངས་བཤད་དབུ་འཛུགས་གནང་བ་དང་། དེ་ནས་གཙོ་བོ་ཀ་མ་ལ་ཧེ་རེས་ཀྱིས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གི་འཛུགས་བསྐྲུན་དང་ཕྱི་མིའི་འོས་ཤོག་ལ་བརྟེན་གྱི་ཡོད་པ་དེ་བཞིན་དཔལ་འབྱོར་ཕྱིའི་རྒྱལ་ཁབ་སྲུང་སྐྱོབ་ཆེད་བཏང་སྟེ་ཨ་རིའི་འབྱོར་འབྲིང་གྲལ་རིམ་མི་མང་གཏོར་བཤིག་བཏང་སྐོར་སྐྱོན་བརྗོད་གནང་བ་དང་། ཁོང་གིས་ང་ཚོས་རང་གི་རྒྱལ་ཁབ་འཛུགས་བསྐྲུན་གནང་རྒྱུ་དང་རང་གི་ས་མཚམས་ཁག་སྲུང་སྐྱོབ་གནང་སྟེ་ཨ་རིའི་མི་སེར་རྣམས་སྲུང་སྐྱོབ་གནང་རྒྱུ་ཡིན་པ། དེ་ལ་ཨ་མི་རི་ཀ་ཨང་དང་པོ་ཟེར་གྱི་ཡོད་སྐོར་གསུངས་འདུག
ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་དང་ལས་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧེ་རེས་མཆོག་གིས་འདི་ཟླའི་ཚེས་༣༠་སྟེ་རེས་གཟའ་ལྷག་པའི་ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་འོས་བསྡུའི་ལས་འགུལ་སྤེལ་སྐབས་མི་གྲངས་ཁྲི་༧ལྷག་འཛོམས་ཡོད་པའི་ཚོད་དཔག་གནང་བཞིན་པ་དང་། ཁོང་གིས་གསུངས་བཤད་ནང་། ད་ཆ་ཨ་རིའི་ནང་མི་རབས་གསར་པའི་དབུ་ཁྲིད་ཡོང་བའི་དུས་ལ་བབས་ཡོད་སྐོར་གསུངས་སྟེ་དགུང་ལོ་༧༨་ལ་ཕེབས་པའི་ཌོ་ནལ་ཀྲམ་དགུང་ལོ་ཆེན་པོར་ཕེབས་པ་མངོན་གསལ་བཏོན་ཐབས་གནང་བ་དང་། ད་ཆ་འཁྲབ་སྟོན་དང་མ་མཐུན་པའི་འགལ་ཟླ་སོགས་ནས་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་ཡོད་ཅེས་དང་། ཁོང་སྲིད་འཛིན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་ཡིན་ན་ཕྱག་ལས་ཨང་དང་པོ་དེ་བཟའ་བཅའི་རིན་གོང་སྤར་ཆ་བྱེད་མི་ཆོག་པའི་དབུས་གཞུང་གིས་ཁྲིམས་གཞི་བཀོད་སྡོམ་གྱིས་ནན་སྐུལ་གནང་རྒྱུ་ཡིན་སྐོར་དང་། ཁྲག་ཤེད་སྨན་(insulin)་གྱི་རིན་གོང་ལ་ཚད་བཀག་བཟོ་རྒྱུ། དེ་བཞིན་དུ་ཨ་རིའི་མི་མང་ཡོངས་ལ་སྨན་བཅོས་དང་སྨན་གྱི་རིན་གོང་ཉུང་བ་བཟོ་རྒྱུ་ཡིན་སྐོར་སོགས་གསུངས་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎