ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ལ་ཕྱི་ནས་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པའི་ཉེན་བརྡ་བཏང་འདུག

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་གཟིགས་རྒྱུར་འདིར་མནན།
དེ་ཡང་ཕྱི་ཟླ་༡༡་པའི་ཚེས་༥་སྟེ་རེས་གཟའ་མིག་དམར་ཉིན་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་ཉིན་མོ་ཡིན། མའེ་ཁུ་རོ་(Microsoft)་མཉེན་ཆས་ཁང་གི་འཇིགས་སྐུལ་ཞིབ་འཇུག་ལྟེ་གནས་ཁང་གིས་ཟླ་༡༠ པའི་ཚེས་༣༠འི་གནས་ཚུལ་སྤེལ་ནས། རྒྱ་ནག་དང་ཨ་རུ་སི། ཨེ་རན་བཅས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཤུགས་རྐྱེན་བཟོ་ཐབས་མུ་མཐུད་ནས་བྱེད་བཞིན་པ་དང་། དེ་ནི་ཟློག་ཐབས་མེད་པ་ཞིག་ཡིན་ཡང་དེ་སྣང་མེད་དུ་འཇོག་མི་རུང་ཞེས་ཉེན་བརྡ་བཏང་འདུག
ཨ་རིའི་མའེ་ཁུ་རོ་མཉེན་ཆས་ཁང་གི་སྙན་ཐོ་ཐེངས་ལྔ་པར། རྒྱ་ནག་སོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་བཟོ་འདོད་ཀྱི་ཁྱབ་ཁོངས་དང་དེ་མིན་འོས་བསྡུ་མཇུག་རྫོགས་རྗེས། མི་མང་ནང་དབྱེན་དཀྲུག་བྱས་ནས་ཐེངས་འདིའི་འོས་བསྡུའི་དྲང་བདེན་རང་བཞིན་ལ་དོགས་འདྲི་དང་ངན་སློང་བྱེད་ངེས་པ་ནན་གྱིས་བརྗོད་འདུག
རྒྱ་ནག་དང་ཨུ་རུ་སི། ཨེ་རན་སོགས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་ཐད། ད་ལྟ་ཨ་རིའི་ཝིར་ཇི་ནི་ཡ་གཙུག་ལག་སློབ་ཆེན་དུ་ཕྱག་ལས་གནང་བཞིན་པ་ཆབ་སྲིད་དཔྱད་བརྗོད་པ་བསྟན་འཛིན་ཐོས་བསམ་ལགས་ཀྱིས་རྩ་བའི་ཆ་ནས་རྒྱ་ནག་དང་ཨུ་རུ་སི། ཨེ་རན། བྱ་ཀོ་རེ་ཡ་བཅས་ཀྱིས་ཨ་རིའི་འོས་བསྡུ་ལ་གཏོར་བཤིག་གཏོང་ཐབས་བྱེད་བཞིན་པ་དེ་མི་རྣམས་པའི་བློ་ཡུལ་ལས་འདས་པ་ཞིག་མིན། དེའི་ནང་ནས་རྒྱ་ནག་གི་གནད་དོན་གྱི་ཐད་ནས་ཨ་རིའི་སྤྱི་མཐུན་དང་དམངས་གཙོ་ཚོགས་པ་གཉིས་ཀས་གཅིག་མཐུན་གྱི་ལྟ་བ་བཟུང་ཡོད། ཡིན་ནའང་ལག་ལེན་གྱི་ཆ་ནས་ཅུང་མ་འདྲ་བ་ཆགས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མའེ་ཁུ་རོ་མཉེན་ཆས་ཁང་གི་གནས་ཚུལ་ནང་། དཀྱིལ་ཤར་ས་ཁུལ་དུ་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་ན་ཡང་། ཨེ་རན་གྱིས་མུ་མཐུད་ནས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་དང་། ལྷག་པར་དུ་སྲིད་འཛིན་འོས་མི་(Trump)་དམིགས་འབེན་དུ་བཟུང་ཡོད་པར་མ་ཟད། ཨེ་སི་རལ་ལ་སྡང་སེམས་སྐྱེ་ཐབས་སུ་ངན་སྐུལ་བྱེད་བཞིན་པ་རེད། དེ་བཞིན་དུ་ཨུ་རུ་སི་ཡིས་མིས་བཟོས་རིག་ནུས་སོགས་དེང་རབས་ལག་ཆ་བེད་སྤྱད་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཁ་མ་ལ་ཧ་རི་སི་དམིགས་འབེན་ལ་བཟུང་ཡོད་པ་རེད། གཞན་རྒྱ་ནག་གིས་འདས་པའི་བདུན་ཕྲག་ཁ་ཤས་ནས་དམིགས་འབེན་གཙོ་བོ་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མི་དང་རྒྱ་ནག་ཐད་ལྟ་བ་མཁྲེགས་པོ་འཛིན་མཁན་གྲོས་ཚོགས་འཐུས་མི་དག་དམིགས་འབེན་ལ་བཟུང་འདུག་ཅེས་བཀོད་འདུག
མའེ་ཁུ་རོ་མཉེན་ཆས་ཁང་གི་འཇིགས་སྐུལ་ཞིབ་འཇུག་ལྟེ་གནས་ཁང་གིས་བྱ་སྤྱོད་དེ་རིགས་སྤེལ་མཁན་ཚོས་འོས་བསྡུའི་སྔ་ནུབ་ཏུ་ངན་སྐུལ་བྱས་ནས་འོས་བསྡུའི་བདེ་འཇགས་དང་། དེ་བཞིན་དུ་གྲུབ་འབྲས་དྲང་བདེན་ཡིན་མིན་ཐད་འགལ་ཟླ་བཟོ་ངེས་ཡིན་པས་དེ་གནད་འགག་ཆགས་ཡོད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
མའེ་ཁུ་རོ་མཉེན་ཆས་ཁང་གི་འཇིགས་སྐུལ་ཞིབ་འཇུག་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་ཁི་ལེན་ཝ་ཚི་ཡིས་ཁོང་གི་ཟིན་བྲིས་སྟེང་། ལོ་རྒྱུས་ལས་ཤེས་གསལ་ལྟར། བསམ་ངན་ཁོག་བཅུག་དང་སྦྱོར་བ་རྩུབ་པའི་ཕྱི་རྒྱལ་ཚོར་དུས་ཐོག་ཏུ་མགོ་གཡོག་མགོ་སྐོར་གྱི་གནས་ཚུལ་རྫུན་མའི་རིགས་སྤེལ་རྒྱུའི་ནུས་པ་ཡོད་ཅིང་། ནུས་པ་དེས་མི་རྣམས་པའི་ལྟ་བ་དང་འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། དེར་བརྟེན། འོས་བསྡུའི་སྔ་ནུབ་ཀྱི་ཆུ་ཚོད་༤༨འི་ནང་། འོས་དམངས་དང་གཞུང་གི་སྒྲིག་འཛུགས། སྲིད་འཛིན་འོས་མི། ཆབ་སྲིད་ཚོགས་པ་ཁག་བཅས་ཀྱིས་ངེས་པར་དུ་དྲ་ལམ་གྱི་མགོ་གཡོག་མགོ་སྐོར་རིགས་ཀྱི་དོགས་གཞི་ཅན་གྱི་ལས་འགུལ་མཐའ་དག་ལ་གཟབ་གཟབ་བྱེད་གལ་ཆེ་ཞེས་ཉེན་བརྡ་བཏང་འདུག
ད་ལྟའི་ཆར་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་(Trump)་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཁ་མ་ལ་ཧ་རི་སི་གཉིས་ཀྱིས་མཐའ་མའི་གདམ་རྩོད་ཤུགས་ཆེན་བྱེད་བཞིན་པའི་སྒང་ཡིན་ཞིང་། མང་ཚོགས་ཀྱི་འདོད་བློ་བརྟག་ཞིབ་བྱས་པ་ལྟར་ན། ཧ་ལམ་སྲིད་འཛིན་འོས་མི་གཉིས་ཀ་འདྲ་མཉམ་ཡིན་པའི་གནས་སྟངས་ཤིག་ཤར་ཡོད་པས། སུ་རྒྱལ་སུ་ཤོར་གྱི་གནས་སྟངས་དེ་བཤད་མི་ཤེས་པ་ཆགས་ཡོད་པ་རེད།
ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་དགག་ལན་སློག་ནས་རྒྱ་ནག་གཞུང་ལ་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེ་གཏོགས་བྱེད་འདོད་མེད་ལ་བྱེད་ཀྱང་མི་སྲིད་ཅེས་ལན་བཏབས་འདུག
གཞན་ཡང་ཨ་རིའི་གསང་བའི་ལས་ཁང་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་གལ་གནད་ཆེ་བའི་དུས་ཚིགས་སུ་བསླེབ་པ་དང་། དེ་བཞིན་དུ་འོས་ཤོག་གྲངས་བཤེར་གྱི་སྐབས་སུ་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་འཇོག་ཐབས་སུ་འབད་ངེས་ཡིན་པའི་ཉེན་བརྡ་བརྒྱབས་ཡོད་པ་དང། ཨ་རིའི་དྲ་རྒྱའི་བདེ་འཇགས་དང་རྨང་གཞིའི་སྒྲིག་ཆས་བདེ་འཇགས་ལྷན་ཁང་གིས་ད་བར་དུ་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་འོས་བསྡུའི་སྒྲིག་ཆས་ལ་འཇབ་རྒོལ་དང་འོས་བསྡུའི་མཇུག་འབྲས་ལ་གཏོར་བརླག་རིགས་ཀྱི་བྱ་སྤྱོད་ད་དུང་བྱུང་མེད་ཅེས་གསལ་བཤད་བྱས་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།