ཨོསི་ཊརེ་ལི་ཡས་རྒྱ་ནག་ལ་ཨུ་རུ་སུའི་བྱ་སྤྱོད་ཐད་ཡོངས་གྲགས་སྐྱོན་བརྗོད་དགོས་བའི་ནན་སྐུལ་བྱས་འདུག

2022.02.15
ཨོསི་ཊརེ་ལི་ཡས་རྒྱ་ནག་ལ་ཨུ་རུ་སུའི་བྱ་སྤྱོད་ཐད་ཡོངས་གྲགས་སྐྱོན་བརྗོད་དགོས་བའི་ནན་སྐུལ་བྱས་འདུག ཨོསི་ཊརེ་ལི་ཡའི་སྲིད་བློན་(Scott Morrison)་ལགས།
AFP

དེ་ཡང་ཨོསི་ཊརེ་ལི་ཡའི་སྲིད་བློན་(Scott Morrison)་ལགས་ཀྱིས། འདི་ཚེས་༡༥་རེས་གཟའ་མིག་དམར་ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་། ང་ཚོའི་རེ་བར་འཛམ་གླིང་གི་རྒྱལ་ཁབ་ཚང་མ་དང་གཞུང་ཁག་གིས་ད་ལྟ་ཨུ་རུ་སུས་ཡུ་ཁུ་རན་(Ukraine)་གྱི་ཐོག་དྲག་རྒོལ་བྱེད་རྒྱུའི་དབང་ཡོད་བཤད་བཞིན་པའི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ངོས་རང་གིས་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་ཨུ་རུ་སུའི་གཞུང་དང་ལག་འབྲེལ་བྱེད་བཞིན་པའི་ཐད་དོ་སྣང་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཡུ་ཁུ་རན་ནང་བྱུང་བཞིན་པའི་གནས་ཚུལ་དེར་ཨུ་རུ་སུར་སྐྱོན་བརྗོད་བྱས་མ་སོང་། དེ་བས་ཨུ་རུ་སུའི་བྱ་སྤྱོད་ཐད་རྒྱ་ནག་གཞུང་གིས་ཡོངས་གྲགས་སྐྱོན་བརྗོད་དགོས་ཞེས་གསུང་འདུག
ཡང་ཁོང་གིས་གནད་དོན་དེའི་ཐད། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཨོསི་ཊརེ་ལི་ཡའི་གཞུང་དང་མཉམ་ལས་གནང་ནས། རྒྱ་ནག་གཞུང་གི་བྱེད་བབས་དེར་སྐྱོན་བརྗོད་དང་དཀའ་རྙོག་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ཐོག་མ་ཡིན་པར་རྒྱལ་ཚོགས་རང་ངོས་ནས་རན་མཚམས་ཀྱི་ལག་བསྟར་ཁག་ཅིག་གནང་དགོས་པའི་ཐོག་ཤུགས་གནོན་རྒྱག་དགོས་པའི་སྐོར་གསུང་འདུག
གཞན་རེས་གཟའ་མིག་དམར་ཉིན། ཉི་ཧོང་གི་སྲིད་བློན་(Fumio Kishida)་ལགས་ཀྱིས་བློན་ཆེན་ལྷན་ཚོགས་དང་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་འཐུས་མི་རྣམ་པའི་ལྷན་ཚོགས་ཞིག་གི་ཐོག ཉི་ཧོང་གཞུང་ཕྱོགས་ནས་ཡུ་ཁུ་རན་གྱི་ཛ་དྲག་གི་གནས་སྟངས་དེར་བློ་འཚབ་ཆེན་པོས་རྟོག་ཞིབ་གནང་བཞིན་ཡོད་པའི་སྐོར་དང་། ཉི་ཧོང་གིས་གནད་དོན་དེའི་ཐོག་དོ་ནན་རྟོག་ཞིབ་མུ་མཐུད་ནས་བྱེད་རྒྱུ་ཡིན། དེའི་བར་ཨོསི་ཊརེ་ལི་ཡས་(G7)་ཞེས་འཛམ་གླིང་གི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ལྷན་ཚོགས་དེར་འབྲེལ་བ་བྱས་ནས་སྐབས་དང་དུས་ལ་མཚམས་པ་ལག་བསྟར་གནང་རྒྱུ་ཡིན་ཞེས་གསུང་འདུག རེས་གཟའ་ཟླ་བ་ཉིན་(G7)་ཞེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དཔལ་འབྱོར་བློན་ཆེན་རྣམས་པས་སྤྱི་བསྒྲགས་ཤིག་སྤེལ་གནང་བ་དེའི་ནང་། གལ་སྲིད་ཨུ་རུ་སུའམ་ར་ཤེ་ཡས་ཡུ་ཁུ་རན་གྱི་ཐོག་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན་ཚབས་ཆེའི་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་གསལ་བཏོན་གནང་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎