མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༡༥གཏོང་རྒྱུ།
2015.04.29
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་རོགས་སྐྱོར་སྡེ་ཚན་ནས་བལ་ཡུལ་ལ་མྱུར་སྐྱོབ་ཆེད་ཨ་སྒོར་ས་ཡ་༡༥གཏོང་རྒྱུ་ཡིན་པ་རེད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་རོགས་སྐྱོར་སྡེ་ཚན་གྱིས་བལ་ཡུལ་གྱི་ས་ཡོམ་གནོད་འཚེ་མྱུར་སྐྱོབ་ཆེད་དུ་ཨ་སྒོར་ས་ཡ་༡༥ཡི་འགྲོ་གྲོན་གཏོང་རྒྱུའི་བཀའ་འཁྲོལ་གནང་ཡོད་པ་དང་། ཕྱི་ཟླ་བཞི་པའི་ཚེས་༢༨ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་སྡེ་ཚན་གྱིས་བཟའ་བཅའ་དང་། ཆུ། སྨན་སོགས་ཀྱི་དགོས་མཁོ་མཁོ་སྒྲུབ་བྱ་རྒྱུ་ཡིན་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་ཁུངས་ཀྱི་མགྲིན་ཚབ་པ་Jens Laerkeནས་གསུང་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུངས་ན། བལ་ཡུལ་ནང་མི་ས་ཡ་༨ཙམ་ལ་ས་ཡོམ་གྱི་གོད་ཆག་ཕོག་ཡོད་པའི་ཁོངས་ནས། ས་ཡ་གཉིས་ལ་ས་ཡོམ་གྱི་གནོད་འཚེ་ཆེ་ཤོས་ཕོག་འདུག བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསུངས་ན། གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་ཧ་ལམ་མི་གྲངས་༥༠༠༠བརྒལ་འགྲོ་བ་དང་རྨས་སྐྱོན་ཕོག་མཁན་མི་གྲངས་སྟོང་༨ཡིན་པ་གསུང་འདུག
WFPཞེས་པའི་འཛམ་གླིང་གི་བཟའ་འབྲུའི་འཆར་འགོད་ཁང་གིས་གསུང་ན། འབྱུང་འགྱུར་གྱི་ཟླ་བ་གསུམ་ནང་མི་གྲངས་ས་ཡ་༡དང་འབུམ་༤ལ་ཛ་དྲག་གི་རོགས་སྐྱོར་ཨ་སྒོར་དུང་ཕྱུར་གཅིག་དང་ས་ཡ་༡༦རོགས་དངུལ་དགོས་པ་ཚོད་དཔག་གནང་གི་ཡོད་པ་རེད། Norwayནས་སྒོར་མོ་ས་ཡ་༡༥དང་འབུམ་༥གནང་རྒྱུ་ཡིན་པ་གཟའ་མིག་དམར་ཉིན་གསལ་བསྒྲགས་གནང་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་འགན་འཛིན་Valerie Amosབལ་ཡུལ་ནང་གཟིགས་ཞིབ་གནང་བར་རེས་གཟའ་ཕུར་བུའི་ཉིན་ཕེབས་འཆར་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།