རྒྱལ་ཚོགས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་བརྙན་ལམ་ནས་མཇལ་མོལ་གནང་འདུག

2022.05.25
རྒྱལ་ཚོགས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་བརྙན་ལམ་ནས་མཇལ་མོལ་གནང་འདུག རྒྱལ་ཚོགས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་བརྙན་ལམ་ནས་མཇལ་མོལ་གནང་སྐབས། ༠༥།༢༥།༢༠༢༢
OHCHR

རྒྱ་ནག་ནང་གཟིགས་སྐོར་ཕེབས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་མེ་ཤེལ་བྷ་ཆེ་ལེ་ལགས་ཀྱིས་འདི་ཚེས་༢༥ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་བརྙན་ལམ་བརྒྱུད་ནས་བཀའ་མོལ་གནང་ཡོད་པ་དང་། ཁོང་མོས་དེ་ནི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ཐད་ཀར་གླེང་རྒྱུའི་རིན་ཐང་ཆེ་བའི་གོ་སྐབས་ཤིག་བྱུང་ཅེས་དང་། ཞི་བདེ་དང་བདེ་འཇགས་ཡར་རྒྱས་གོང་འཕེལ་གྱི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སོགས་དམིགས་བསལ་གང་ཡང་མེད་པར་ཚང་མ་ཚུད་པ་བྱེད་རྒྱུ་དེ་ཁོང་མོའི་གཟིགས་སྐོར་གྱི་སྙིང་པོ་དེ་ཡིན་དགོས་ངེས་རེད་ཅེས་ཁོང་མོའི་(Twitter)་སྤྱི་ཚོགས་བརྒྱུད་ལམ་དུ་སྤེལ་འདུག
འོན་ཀྱང་ཨ་མི་རི་ཀ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ལྕམ་མེ་ཤེལ་བྷེ་ཆེ་ལེ་ད་ཐེངས་རྒྱ་ནག་གཞུང་གིས་བཏོན་པའི་ཆ་རྐྱེན་དང་གནས་སྟངས་ཤིག་གི་འོག་འཚམས་གཟིགས་གནང་བ་དེ་ནོར་འཁྲུལ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་བ་དང་མཉམ། རྒྱ་ནག་གཞུང་གིས་ཁོང་མོའི་མངོན་འདོད་ཐོག་སྟངས་འཛིན་བྱས་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁ་གསལ་ཞིག་རྟོགས་ཐུབ་རྒྱུར་དཀའ་ངལ་འཕྲད་འཕྲད་རྒྱུ་ཡིན་པ་ཐུགས་ཚབས་གནང་བཞིན་ཡོད་པ་སོགས་གསལ་སྟོན་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་(Michelle Bachele)་ལགས་ཀྱིས་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་འགོ་བཙུགས་ནས་རེས་གཟའ་སྤེན་པ་བར་ཉིན་གྲངས་དྲུག་རིང་གི་རྒྱ་ནག་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་པའི་བརྒྱུད་རིམ་ནང་། རྒྱ་ནག་གི་ནུབ་ཕྱོགས་ཤར་ཏུར་ཀི་སི་ཐན་མངའ་ཁུལ་དུ་འཚམས་གཟིགས་གནང་རྒྱུ་ཡིན་པ་ནི། ན་ནིང་ཁོང་གི་ལས་དོན་ཁང་ནས་ས་ཁུལ་དེའི་ནང་ཡོད་པའི་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་མང་པོ་ཁྲིམས་འགལ་གྱི་ཐོག་ནས་བཀག་ཉར་བྱེད་བཞིན་ཡོད་པ་མ་ཟད། སྡུག་རྩུབ་ཚད་མེད་བཏང་བ་དང་སྦྲགས་བཙན་དབང་གིས་ལས་ཀ་སྐུལ་བཞིན་ཡོད་ལུགས་སྐྱོན་བརྗོད་གནང་བ་དང་། ཁུལ་དེར་གཟིགས་སྐོར་གནང་འདོད་གནང་ཡོད་ཀྱང་ད་བར་དུ་རྒྱ་ནག་གཞུང་གིས་ངོས་ལེན་གནང་མེད་པ་རེད།
ཨ་མི་རི་ཀའི་སྲིད་གཞུང་གིས་ཀྱང་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ཤར་ཏུར་ཀི་སི་ཐན་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་རྩ་མེད་བཟོ་ཐབས་ཡིན་པའི་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྡུག་རྩུབ་ཅན་གྱི་བྱ་སྤྱོད་དེ་རིགས་སྤེལ་གྱི་ཡོད་པ་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཡང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡོངས་སུ་རྫོགས་པ་ཡར་རྒྱས་གཏོང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་མེད་ཅེས་སོགས་གསར་འགོད་ལྷན་ཚོགས་ཐོག་གསལ་སྟོན་གནང་འདུག
སྐབས་འདིར་རྒྱ་ནག་གཞུང་གིས་དེ་སྔ་སྤྱི་ལོ་༢༠༡༧ལོ་ནས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་ཆོས་པ་ཁྲི་གཉིས་ལྷག་བཀག་སྐྱིལ་བྱས་པ་དང་། ས་གནས་དེར་དམ་དྲག་དྲག་གནོན་བྱས་བའི་གཞུང་གི་གསང་བའི་ཡིག་ཆ་མང་པོ་པར་དང་བཅས་ཕྱིར་གྱར་བྱུང་བ་རྒྱལ་སྤྱིའི་གསར་ལམ་ཁག་དུ་ཁྱབ་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེ་ནི་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་ཡིན་པ་ལས་བདེན་པ་མིན་ཚུལ་བཤད་བཤད་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎