ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་མི་རིཊ་ཚོས་རྒྱ་ནག་ལ་ངོ་རྒོལ།
2010.12.24
༄༅༎ཡུ་གུར་གྱི་གསར་འགོད་པ་ཞིག་གིས་ན་ནིང་ཤིང་ཅང་གི་རྒྱལ་སའི་ནང་གི་ཟིང་ཆའི་དོན་རྐྱེན་སྐོར་རྩོམ་བྲིས་བྱས་པའི་ཉེས་འཛུགས་འོག རྒྱ་ནག་གི་ཁྲིམས་ཁང་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེར། ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཚོགས་པ་ཞིག་གིས་ཁོང་ལ་ཁྲིམས་བཤེར་བྱས་པའི་ཡིག་ཆ་རྣམས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེ་ཡོད་པ་རེད།
དེ་ཡང་ལོ་ན་༣༣ ཡིན་པའི་གསར་འགོད་པ་ མེ་མེཊ་ཇན་ ཨབ་རྡུལ་ལ་ ནི་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ཡུ་གུར་སྐད་ཡིག་སྡེ་ཚན་གྱི་གསར་འགོད་པ་ཡིན་ཞིང༌། ཁོང་ལ་ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ཤིང་ཅང་ཁྲིམས་ཁང་དུ་གསང་བའི་ཁྲིམས་བཤེར་བྱས་ཏེ་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར། འཇར་མ་ནིའི་ནང་ཡོད་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་མགྲིན་ཚབ་པས་གསུངས་ཡོད་པའི་གནས་ཚུལ་ཞིག་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་དུ་འཁོད་པར་གཞིགས་ན། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ནས། ཨབ་རྡུལ་ལ་ ཡིས་ན་ནིང་༢༠༠༩ ལོའི་ཕྱི་ཟླ་བདུན་པའི་ནང་ཤིང་ཅང་གི་རྒྱལ་ས་ཨུ་རུམ་ཅི་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་དང་། རྒྱ་ཧན་མི་རིགས་དབར་དྲག་པོའི་ཟིང་ཆའི་དོན་རྐྱེན་དེར་སྐུལ་སློང་བྱས་པའི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཡོད་པ་དང༌། ༢༠༠༩ ལོའི་ཕྱི་ཟླ་བདུན་པའི་ནང་རྒྱལ་ས་ཨུ་རུམ་ཅིའི་ནང་ཟིང་ཆའི་དོན་རྐྱེན་བྱུང་རིམ་ནི། ༢༠༠༩ ལོའི་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་གི་བཟོ་གྲྭའི་ལས་བཟོ་བའི་ཁོངས་སུ་ཡུ་གུར་གྲངས་ཉུང་མི་རིགས་ཡོད་པ་ཚོར་ལས་བཟོ་བ་རྒྱ་ཧན་མི་རིགས་ཚོས་བརྙས་བཅོས་བཤད་དེ། མཐར་ཡུ་གུར་ལས་བཟོ་བ་བསད་པའི་དོན་རྐྱེན་བྱུང་བར་བརྟེན་ནས་ཡུ་གུར་དང་རྒྱ་ཧན་མི་རིགས་དབར་གྱི་འཐབ་རྩོད་ཀྱི་རྣོ་ངར་ཆེ་རུ་ཕྱིན་པ་ཞིག་ཡིན་ཞིང༌། འོན་ཀྱང་ཨབ་རྡུལ་ལ་སྐབས་དེ་དུས་ཤིང་ཅང་དུ་མེད་པར་པེ་ཅིང་དུ་བསྡད་ཡོད་པ་མ་ཟད། ཁོང་གིས་ཀོང་ཏུང་ནང་ཡུ་གུར་ལས་བཟོ་བ་བསད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་ཚོར་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། འབོད་སྐུལ་གྱི་ཡིག་གེ་དེ་ཡང་ཡུ་གུར་སྐད་ཡིག་ཚན་པའི་དྲ་རྒྱའི་ཐོག་བཀོད་སྤེལ་བྱས་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་ཁང་ནས་ཁོང་ལ་བསྐལ་བའི་ནག་ཉེས་དང་ཁྲིམས་བཤེར་ཡོངས་རྫོགས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང༌། ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་ཁོང་ལ་ཁྲིམས་བཤེར་བྱས་པའི་གནས་ཚུལ་ཞིབ་ཕྲ་སྤྱི་ཚོགས་ཐོག་ཕྱི་གསལ་ནང་གསལ་གསལ་བཤད་བྱ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་ཅེས་གསུངས་ཡོད་པ་རེད།།