རྒྱལ་སྤྱིའི་རྡུལ་ཕྲན་ཉེན་ཁ་འགོག་སྲུང་གི་ལྷན་ཚོགས།
2010.04.10
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཚུགས་རྒྱུའི་རྒྱལ་སྤྱིའི་རྡུལ་ཕྲན་ཉེན་ཁ་འགོག་སྲུང་གི་ཆེས་མཐོའི་ལྷན་ཚོགས་སུ་མཉམ་བཅར་ཞུ་རྒྱུའི་ཆེད་རྒྱ་གར་ནས་དེ་རིང་གཟའ་སྤེན་པའི་ཉིན་ཕེབས་ཐོན་གནང་ཟིན་པ་དང་ ཁོང་གིས་ ཆེས་མཐོའི་ལྷན་ཚོགས་དེའི་སྐབས་གཙོ་བོ་འཇིགས་བསྐུལ་དྲག་སྤྱོད་པས་རྡུལ་ཕྲན་གོ་མཚོན་མཁོ་སྒྲུབ་འགོག་ཐབས་ཐད་གཙོ་བོ་བཀའ་བསྡུར་གནང་དགོས་པའི་དགོངས་འཆར་བཏོན་གནང་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རྣམ་གཉིས་གཟའ་ཉི་མའི་ཉིན་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་རྒྱ་གར་གྱི་སྲིད་བློན་གྱིས་རྒྱ་གར་གྱི་ངོས་ནས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་མི་བྱེད་པའི་ངོས་འཛིན་ཧ་ལས་པའི་ཆེན་པོ་ཡོད་པ་གསལ་བཤད་གནང་པ་དང་ཁོང་གིས་རྒྱལ་སྤྱིའི་ནང་རྡུལ་ཕྲན་གྱི་ཉེན་ཁ་འགོག་སྲུང་ཐུབ་པའི་ཐབས་ལམ་བཟང་ཤོས་ནི་ཞི་བའི་ལས་དོན་ཆེད་རྡུལ་ཕྲན་གྱི་ལས་གཞི་ཡོད་པའི་གཞུང་སོ་སོས་རྡུལ་ཕྲན་ལས་རིགས་ཁྱབ་གདལ་མི་འགྲོ་བར་ཚད་མཐོའི་སྲུང་སྐྱོབ་ཀྱི་ལས་གཞི་དགོས་རྒྱུ་དེ་རེད་ཅེས་གསུངས་འདུག།
ད་དུང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྡུལ་ཕྲན་གྱི་རྒྱུ་ཆ་དང་འཕྲུལ་རིག་འཇིགས་བསྐུལ་དྲག་སྤྱོད་པའི་ལག་ཏུ་ཐོབ་ཉེན་ཡོད་པ་ནི་དངོས་ཡོད་ཀྱི་སེམས་འཚབ་དགོས་པའི་གནད་དོན་གལ་འགངས་ཅན་ཞིག་ཡིན་པར་བརྟེན་ད་རེས་ཀྱི་ཆེས་མཐོའི་ལྷན་ཚོགས་འདིའི་ཐོག་ངེས་པར་དུ་བཀའ་བསྡུར་གནང་དགོས་པའི་གྲོས་གཞི་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག།
རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམས་ཀྱི་ཆིངས་ཡིག་ལ་མིང་རྟགས་བཀོད་མཁན་དང་གཞན་ཡང་རྡུལ་ཕྲན་མཚོན་ཆ་དང་ལྡན་པའི་ཡུལ་གྲུ་སོགས་ཁྱོན་བསྡོམས་རྒྱལ་ཁབ་༤༧གྱི་དབུ་འཁྲིད་རྣམ་པ་ལྷན་འཛོམས་ཀྱིས་གཟའ་ཟླ་བ་དང་མིག་དམར་བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྦ་ཤིང་ཊོན་དུ་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་འགོག་སྲུང་གི་གནད་དོན་ཐད་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད།