༸གོང་ས་མཆོག་དང་རྒྱ་ནག་གཞུང་བར་ཐད་ཀར་གྲོས་མོལ་དགོས།
2010.09.21
༄༅༎ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་དབར་ཐད་ཀར་གྲོས་མོལ་དགོས་རྒྱུར་བསྐུལ་མ་གནང་རྒྱུའི་སྲིད་བྱུས་བསྐྱར་ནན་གནང་པ་དང་སྦྲགས་ བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ནི་གྲོས་མོལ་གྱི་བརྒྱུད་ལམ་དེ་ཡིན་པ་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་གསུངས་ཡོད་པ་རེད།
དེ་ཡང་ཁ་སང་ཕྱི་ཟླ་༩ཚེས་༢༠ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་ཇེམ་སི་སི་ཀྲའེན་སྦག་གིས་ ང་ཚོའི་བོད་ཐོག་འཛིན་པའི་སྲིད་བྱུས་ནི་ ང་ཚོས་རྒྱ་ནག་གཞུང་ལ་གཏིང་ཟབ་ཀྱི་འབྲེལ་བ་ཞུས་ཏེ་ ཏཱ་ལའི་བླ་མ་མཆོག་དང་ རྒྱ་ནག་གཞུང་དབར་ཐད་ཀར་གྱི་འབྲེལ་བ་མང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་མུས་ཡིན་པ་དེ་རེད་ཅེས་ ཨེ་ཤི་ཡའི་ཐོག་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཤུགས་རྐྱེན་ཅེས་པའི་བརྗོད་གཞིའི་ཐད་གསུང་བཤད་ཅིག་གནང་པའི་རྗེས་མང་ཚོགས་ནས་བཀའ་འདྲི་ཞུས་པར་ལན་གནང་སྐབས་གསུངས་ཡོད་པ་རེད།
ད་དུང་སྐུ་ཞབས་སི་ཀྲའེན་སྦག་གིས་ ངའི་བསམ་པར་མཐར་ཐུག་དཀའ་རྙོག་འདི་འབྲེལ་ཡོད་ཕྱོགས་གཉིས་དབར་གྲོས་མོལ་བྱེད་པའི་སྒོ་ནས་སེལ་དགོས་རྒྱུ་ལས་ དཀའ་རྙོག་འདི་རིགས་ཕྱི་ཕྱོགས་ནས་སེལ་ཐུབ་རྒྱུ་ཞིག་ཡིན་པར་ཡིད་ཆེས་གནང་གི་མེད་ཅེས་དང་ བོད་མིའི་ཆོས་དང་རིག་གཞུང་གི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ ཨ་མི་རི་ཀའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རྒྱལ་ཁྱབ་ཀྱི་ལས་འགན་དེའི་ཆ་ཤས་ཤིག་ཡིན་པ་དང་ སྒྲོམ་གཞི་དེའི་ནང་གནད་དོན་འདི་དག་གླེང་རྒྱུ་ནི་ཐབས་ལམ་བཟང་ཤོས་ཤིག་ཡིན་པར་བསམ་གྱི་ཡོད་ཅེས་གསུངས་འདུག།