ཧོང་ཀོང་ནང་མི་སྒེར་གྱི་ཐོབ་ཐང་ལ་རང་དབང་ཡོད་པའི་སྐོར།
2010.03.12
༄༅༎ཨ་རིའི་ཕྱི་སྲིད་ལས་ཁང་གིས་ཁ་ས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྙན་ཐོ་འདོན་སྤེལ་གནང་ཏེ་དེའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་ནན་པོ་གནང་བའི་རྗེས་དེ་རིང་ཨ་རིའི་གཞུང་འབྲེལ་དཔོན་རིགས་ནས་ཧོང་ཀོང་ནང་མི་སྒེར་གྱི་ཐོབ་ཐང་ལ་རང་དབང་ཡོད་པའི་བསྔགས་བརྗོད་གནང་ཡོད་པ་རེད་
གསར་དུ་བསྐོ་བཞག་གནང་བའི་ཨ་རིའི་ཧོང་ཀོང་ནང་གི་གཞུང་འབྲེལ་སྐུ་ཚབ་སི་ཀྲི་ཕེན་ཡང་གིས་གཟའ་པ་སངས་ཉིན་ཧོང་ཀོང་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་དེ་ནི་ཁྲིམས་མཐུན་ལམ་ལུགས་དང་ མི་སྒེར་གྱི་རང་དབང་ལ་བརྩི་བཀུར་ཞུས་པའི་འོག་བྱུང་བ་ཞིག་ཡིན་པ་དང་ ཧོང་ཀོང་ནང་དམངས་གཙོའི་ལམ་ལུགས་འཕེལ་རྒྱས་མུ་མཐུད་འགྲོ་རྒྱུ་དེས་དམིགས་བསལ་མ་འོངས་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཀྱི་གང་འདྲ་བྱས་ཏེ་ལག་བསྟར་བྱེད་མིན་ཐོག་ཕན་ཐོགས་ཡོད་པ་ཞིག་ཡིན་པ་ཁོང་ལས་གནས་གསར་དུ་བཞེས་པའི་གསལ་བསྒྲགས་ཐོག་འཁོད་གནང་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༧ལོར་ཧོང་ཀོང་གི་བདག་དབང་དབྱིན་ཇི་གཞུང་ནས་རྩིས་ལེན་བྱེད་པའི་སྐབས་ཧོང་ཀོང་ནང་མ་འོངས་ལོ་ངོ་ལྔ་བཅུའི་རིང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་ཀྱི་འོག་ད་ཡོད་ཧོང་ཀོང་གི་ཁྲིམས་ལུགས་སྒྲིག་གཞི་ཁག་མུ་མཐུད་གནས་རྒྱུའི་ཁས་ལེན་བྱས་ཡོདཔ་དང་ ཡིན་ནའི་འདས་པའི་ལོ་ངོ་ཁ་ཤས་ནང་ཧོང་ཀོང་གི་ཆབ་སྲིད་ལས་དོན་ཁག་ནང་རྒྱ་ནག་དབུས་གཞུང་གིས་ཐེ་བྱུས་བྱེད་ཡས་ཇེ་མང་དུ་འགྲོ་བཞིན་པའི་ཁར་ཧོང་ཀོང་གི་ཚོགས་སྡེ་དང་་གལ་གནད་ཆེ་བའི་མི་སྒེར་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཤུགས་རྐྱེན་སྤྲད་ནས་ཧོང་ཀོང་གི་ཆབ་སྲིད་ལས་དོན་ནང་རྒྱ་ནག་གཞུང་གིས་རིམ་པས་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་ལྟར་ ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་ཡང་རྒྱ་ནག་གཞུང་གིས་ཐད་ཀར་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་དེ་བཞིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དྲུག་བཅུ་ལྷག་ཙམ་ཞིག་མ་གཏོགས་དེ་མིན་རྣམས་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་ནས་ལས་རིགས་འདྲ་མིན་གྱི་མི་སྣ་བརྒྱད་བརྒྱ་ལས་གྲུབ་པའི་འོས་འདེམས་ཚོགས་པ་དེས་འདེབས་བསྐོ་བྱེད་བཞིན་ཡོད་པར་བརྟེན་ཧོང་ཀོང་ནང་ཁྱོན་ཡོངས་ནས་དམངས་གཙོའི་ལམ་ལུགས་ལག་བསྟར་ཡོང་རྒྱུར་ཧོང་ཀོང་དམངས་གཙོ་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམིགས་བསལ་ས་གནས་འགན་འཛིན་དང་གྲོས་ཚོགས་འཐུས་མི་ཡོངས་རྫོགས་མི་མང་གིས་ཐད་ཀར་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་འོས་འདེམས་བྱ་རྒྱུའི་དུས་བཀག་གཏན་འེབབས་ཡོང་རྒྱུའི་དགོས་འདུན་ཐེངས་མང་བཏོན་ཡོད་ན་ཡང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་དགོས་འདུན་དེར་ཁས་ལེན་མ་བྱས་པར་ཧོང་ཀོང་ནང་ཐད་ཀར་འོས་འདེམས་བྱ་རྒྱུའི་དུས་བཀག་སྔ་ཤོས་ལ་ཡང་ཕྱི་ལོ་ཉིས་སྟོང་བཞི་ཅུ་ཞེ་བདུན་གོང་ལག་བསྟར་ཡོང་རྒྱུར་མོས་མཐུན་བྱ་རྒྱུ་མིན་པའི་རྣམ་འགྱུར་བཏོན་ཡོད་པ་རེད་