ཨ་རིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་ཉི་ཧོང་ཁོང་ཁྲོ་བྱེད།
2008.10.15
༄༅༎དེ་ཡང་ཕྱི་ལོ་༡༩༧༠ཐམ་པའི་ལོ་ནས་ཕྱི་ལོ་༡༩༨༠ལོའི་ནང་བྱང་ཀོ་རི་ཡས་ཉི་ཧོང་གི་མི་མང་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུ་བའི་གནས་ཚུལ་ཐད་བྱང་ཀོ་རི་ཡས་ད་དུང་ཡང་གསལ་བཤད་མི་བྱེད་པའི་གནས་སྟངས་དེ་ཚོའི་འོག་ལ་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡ་འཇིགས་སྐུལ་རིང་ལུགས་ཀྱི་ཐོ་གཞུང་ནས་ཕྱིར་བཏོན་བྱ་རྒྱུའི་ཐག་གཅོད་ལ་ཉི་ཧོང་གཞུང་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ ཨ་རིའི་སྲིད་འཛིན་སྦུཤེ་མཆོག་གིས་བསྐྱར་དུ་ཁས་ལེན་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་ཉི་ཧོང་གི་སྲིད་བློན་ཊ་རོ་ཨ་སོ་མཆོག་ནས་ད་རེས་ཨ་མི་རི་ཀའི་གནང་ཕྱོགས་དེར་དམངས་ཁྲོད་ཀྱི་མདུན་དུ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད་ད་དུང་ཉི་ཧོང་གཞུང་ནས་བྱང་ཀོ་རི་ཡའི་ཐོག་རོགས་རམ་བྱེད་རྒྱུའི་ཁས་ལེན་ཁག་མཚམས་འཇོག་བྱེད་རྒྱུ་ཡིན་ལུགས་གསུང་ཡོད་པ་རེད་ དེ་ག་ནང་བཞིན་ཉི་ཧོང་གི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨི་ཆི་རོ་ཨོ་ཛ་ལྦ་ཡིས་ཨ་མི་རི་ཀ་དང་ཉི་ཧོང་དབར་གྱི་འདས་པའི་ལོ་ལྔ་བཅུའི་རིང་གི་ཕན་ཚུན་འབྲེལ་བ་དེ་བཞིན་དོན་དངོས་ཀྱི་འབྲེལ་བ་ཞིག་མིན་པར་སྐྱོན་གནང་ཡོད་པ་རེད་ལ་དེ་བཞིན་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སྐུ་ཞབས་སྦུརུ་སི་ཀི་ལིང་གར་ཡིས་ཀྱང་གནད་དོན་དེའི་ཐོག་སྐྱོན་བརྗོད་གནང་ཡོད་པ་རེད་ ཡང་སྦུཤེ་སྲིད་གཞུང་གི་ཕྱི་སྲིད་ལས་ཁང་གི་ལས་བྱེད་ཟུར་པ་ཇོན་སྦོལ་ཀྲེན་ཡིས་ད་རེས་སྲིད་འཛིན་སྦུཤེ་མཆོག་གི་ཐག་གཅོད་དེ་ཡིས་ཨ་རི་དང་རྒྱ་ནག་གཉིས་ཀར་ཕན་ཐོགས་མེད་པའི་ཐོག་གལ་ཏེ་ཉི་ཧོང་གཞུང་གིས་ཀྱང་དེ་སྔའི་དམ་བཅར་སྲུང་བརྩི་མ་ཞུས་པར་ཉི་ཧོང་རང་ཉིད་ནས་ཡུལ་ནང་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་བྱེད་རྒྱུའི་བསམ་བློ་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག