དྲ་རྒྱ་བཀག་སྡོམ་ལ་ཁ་གཏད་གཅོག་བྱེད་སྐོར།
2011.05.11
༄༅༎རྒྱ་ནག་གཞུང་གིས་གཞུང་དང་ལྟ་སྤྱོད་ལོགས་ཀར་འཛིན་མཁན་ཐོག་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར། ཕྱིའི་རྒྱལ་ཁབ་ནང་གནས་འཕྲིན་དྲ་རྒྱའི་ཐོག་བཀག་སྡོམ་གྱི་ལས་འཆར་རིགས་ལ་ཁ་བཏད་གཅོག་རྒྱུའི་ནུས་པ་ཡོད་པའི་འཕྲུལ་རིགས་ལག་རྩལ་ཐོག་ཨ་མི་རི་ཀས་ཌོ་ལར་ས་ཡ་མང་པོ་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་སྐོར་ཁ་ས་ཨ་རིའི་གཞུང་འབྲེལ་དཔོན་རིགས་ཚོས་གསུངས་བཞག།
རྒྱ་ནག་དང་ཨི་རན། དེ་བཞིན་སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གི་ནང་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནས་ཚུལ་རིགས་གནས་འཕྲིན་དྲ་རྒྱའི་ཐོག་ལྟ་ཀློག་མི་ཐུབ་པའི་འགོག་སྡོམས་བྱེད་བཞིན་ཡོད་པ་དེ་དག་གཡོལ་ཐབས་ཀྱི་འཕྲུལ་རིགས་ཐོག་ཨ་རི་གཞུང་གིས་ཌོ་ལར་ས་ཡ་༡༩ཟུར་བཅད་གནང་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཚོས་གསུངས་འདུག།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་དྲུང་ཆེ་ལས་རོགས་མའེ་ཀལ་པོ་སི་ནར་ཡིས་དམ་བསྒྲཌ་ཆེ་བའི་རྒྱལ་ཁབ་དེ་ཚོས་ལྟ་ཀློག་བྱེད་མ་ཐུབ་པ་བཟོས་པའི་གནས་ཚུལ་དེ་ཚོ་དབྱེ་བ་ཕྱེས་ནས་བསྐྱར་དུ་གནས་འཕྲིན་དྲ་རྒྱའི་ཐོག་གཏོང་རྒྱུའི་ཡར་ཐོན་ཅན་གྱི་འཕྲུལ་རིག་ལག་རྩལ་ལ་རྒྱབ་སྐྱོར་བྱ་རྒྱུའི་དོན་དུ་ཟུར་བཅད་དངུལ་དེ་བེད་སྤྱོད་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།
ཨ་རི་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་ཚོགས་ཆེན་དེ་མཇུག་སྒྲིལ་ཟིན་པ་དང༌། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ཡིས་ རྒྱ་ནག་གཞུང་གིས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཡུལ་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་གནང་བའི་རྗེས་སུ་ གོང་ཞུས་གསལ་བསྒྲགས་དེ་གནང་ཡོད་པ་རེད། རྒྱ་ནག་གིས་དུས་རྟག་ཏུ་གནས་འཕྲིན་དྲ་རྒྱའི་ཐོག་བོད་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང༌། ཕ་ལུང་གོང་རྩ་རླུང་སྒོམ་གྲུབ་ཚོགས་པ། ༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སོགས་དང་འབྲེལ་བའི་གནས་ཚུལ་རིགས་ཚང་མའི་ཐོག་བཀག་སྡོམ་ཤུགས་ཆེ་བྱ་མུས་ཡིན་པ་རེད།