ཨ་མི་རི་ཀ་ཕྱོགས་ནས་༸གོང་ས་མཆོག་ལ་རྒྱབ་སྐྱོར།
2009.11.06
༄༅༎འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཨ་རུ་ན་ཅཱལ་པཱར་རྡེ་ཤི་མངའ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཞིག་བསྐྱང་པར་ཕེབས་འཆར་ཡོད་པ་དེར་རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཉིས་ཀར་སྐྱོན་བརྗོད་ཤུགས་ཆེ་ཞུས་ཡོད་པའི་གནད་དོན་དེའི་ཐད་ཨ་མི་རི་ཀའི་ཕྱོགས་ནས་དགོངས་ཚུལ་ཇི་ཡོད་མེད་གསར་འགོད་པས་འདྲི་བ་ཞུས་པར་ཨ་མི་རི་ཀའི་མང་གཙོ་དང་རྒྱལ་སྤྱིའི་འབྲེལ་བའི་གནད་དོན་དང་ལྷག་དོན་དུ་ཨ་རིའི་གཞུང་གི་བོད་དོན་འབྲེལ་མཐུད་པ་ཨ་རིའི་དྲུང་ཆེ་གཞོན་པ་མཱ་རི་ཡ་ཨོ་ཀྲེ་རོ་ཡིས་རེས་གཟའ་པ་སངས་ཀྱི་ཉིན་གསུངས་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ས་གནས་གང་དུ་ཕེབས་དོན་མཛད་གལ་མཆིས་ཚེ་དེར་རང་དབང་གི་སྒོ་ནས་ཕེབས་དགོས་རྒྱུ་ཞིག་གདོན་མི་ཟ་བ་རེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཨོ་ཊེ་རོ་ཡིས་མུ་མཐུད་དེ་འདྲི་བ་ཁག་ལ་ལན་འདེབས་གནང་སྟེ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ཟླ་བ་འདིའི་ནང་རྒྱ་ནག་ལ་གཞུང་འབྲེལ་གཟིགས་བསྐོར་དུ་ཕེབས་སྐབས་བོད་ཀྱི་གནད་དོན་དེའང་རྒྱ་ནག་གི་དབུ་ཁྲིད་དང་བཀའ་མོལ་གནང་རྒྱུའི་གནད་དོན་ཐད་ཚུད་ཡོད་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་གསུངས་པར་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་འོས་པའི་དབུ་ཁྲིད་ཅིག་ཡིན་པར་ཆ་འཇོག་གནང་གི་ཡོད་རེད་ཅེས་ཀྱང་འགྲེལ་བརྗོད་གནང་འདུག རྒྱ་གར་གཞུང་གིས་༸གོང་ས་མཆོག་ཨ་རུ་ན་ཅཱལ་པཱར་རྡེ་ཤི་ཁུལ་ཕེབ་སྐབས་གསར་འགོད་པ་མང་པོ་ཞིག་གིས་བཅར་ཆོག་པའི་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ཡོད་ཀྱང་ད་ཕན་ཨེ་པི་གསར་འགོད་ཚོགས་པ་ཐེ་བའི་ཕྱི་རྒྱལ་གྱི་གསར་འགོད་པ་བཞི་ལ་མ་གཏོགས་ཆོག་མཆན་གནང་མེད་པའི་གནས་ཚུལ་ཐོན་བཞག།