བལ་ཡུལ་དུ་བཅའ་ཞུགས་ཨ་རིའི་གཞུང་ཚབ་ཀྱིས་ཐུགས་འཚབ།

བལ་ཡུལ་གཞུང་གིས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པར་བལ་ཡུལ་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་མཆོག་ནས་སེམས་འཚབ།

2010.10.05

༄༅༎བལ་ཡུལ་སྐོར་སྲུང་ཉེན་རྟོ་པས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པར་བལ་ཡུལ་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་མཆོག་ནས་སེམས་འཚབ་གནང་གི་ཡོད་པའི་སྐོར་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུངས་གནང་འདུག་༎

དེ་ཡང་ཁ་ས་ཚེས་༤ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་  ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་སི་ཀོཏ་ཌེ་ལི་སི་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད་ མཇལ་འཕྲད་གྲུབ་མཚམས་དམིགས་བསལ་སྐུ་ཚབ་མཆོག་ནས་རྒྱལ་སའི་ཁུལ་རྟེན་གཞི་བྱས་པའི་འདི་ག་ཨེ་ཤི་ཡ་རང་དབང་འཕྲིན་ཁང་དང་ཨ་རིའི་རྒྱང་སྲིང་རླུང་འཕྲིན་གཉིས་ཀྱི་བོད་སྐད་སྡེ་ཚན་གྱི་གསར་འགོད་པར་ བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་མཆོག་དང་བཀའ་མོལ་ཇི་བྱུང་སྐོར་གནས་ཚུལ་ངོ་སྤྲོད་གསལ་འདོན་གནང་ཡོད་པ་རེད་

དམིགས་བསལ་སྐུ་ཚབ་མཆོག་གིས་ད་རེས་ཀྱི་མཇལ་འཕྲད་དེ་བཞིན་བལ་ཡུལ་ནང་བོད་མི་ཚོའི་གནས་སྟངས་དང་གནད་དོན་སྐོར་ཨ་རིའི་གཞུང་ཚབ་མཆོག་དང་ དེ་སྔོན་ནས་བཀའ་མོལ་གནང་རྒྱུའི་དུས་ཚེས་གཞིར་བཟུང་ཡིན་ཡང་དངོས་སུ་མཇལ་འཕྲད་འདིའི་སྐབས་ཚེས་༣ཉིན་ བལ་ཡུལ་ནང་བོད་མི་ཚོས་བཙན་བྱོལ་བོད་མིའི་བཀའ་སྤྱི་སྔོན་འགྲོའི་འོས་བསྡུ་འཕེན་སྐབས་ བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཉེན་རྟོག་པས་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པའི་སྐོར་གནས་ལུགས་ངོ་སྤྲོད་གསལ་བཤད་གནང་ཡོད་པ་དང་ ཨ་རིའི་གཞུང་ཚབ་མཆོག་ནས་ཀྱང་གནད་དོན་དེར་སེམས་འཚབ་གནང་ཡོད་པ་མ་ཟད་ བྱུང་རྐྱེན་དེའི་སྐོར་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ནས་རྟོག་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ ཡང་དམིགས་བསལ་སྐུ་ཚབ་མཆོག་ནས་འདི་གའི་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགོད་པར་མུ་མཐུད་གསུངས་དོན་དུ་ ཨ་རིའི་གཞུང་ཚབ་ལྷན་དང་མཇལ་འཕྲད་འདིའི་སྐབས་དམིགས་བསལ་སྐུ་ཚབ་མཆོག་ནས་ བལ་ཡུལ་ནང་བོད་མིའི་འོས་སྒམ་བཙན་འཕྲོག་བྱས་པའི་དོན་རྐྱེན་དེ་ སེམས་འཚབ་དང་བློ་འགྱོད་ཆེ་བའི་གནས་ཚུལ་ཞིག་ཡིན་ཞིང་ སེམས་འཚབ་ཀྱི་གནས་ཚུལ་ནི་ད་རེས་ཀྱི་དོན་རྐྱེན་འདིའི་ཐོག་ནས་བལ་ཡུལ་ནང་གི་བོད་མི་ཚོར་འབྱུང་འབྲས་ག་འདྲ་ཞིག་མཚོན་གྱི་ཡོད་མིན་གྱི་གནད་དོན་མ་ཡིན་པར་ དེ་ལས་ལྷག་པས་བལ་བོད་དབར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འབྲེལ་ལམ་འདིའི་འོག་ད་རེས་འདི་ལྟ་བུའི་དོན་རྐྱེན་གྱི་རང་བཙན་ལྡན་པའི་བལ་ཡུལ་རྒྱལ་ཁབ་ཀྱི་གོ་བརྡ་ལེན་ཕྱོགས་ཐོག་སེམས་འཚབ་དང་ དེ་བཞིན་བལ་ཡུལ་འདི་བཞིན་རྒྱ་ནག་གི་རང་སྐྱོང་ས་ཁུལ་ལྟ་བུ་ཆགས་པའི་གནས་སྟངས་ཐོག་ནས་སེམས་འཚབ་སྐྱེ་གཞི་ཆགས་ཡོད་པར་ཨ་རིའི་གཞུང་ཚབ་མཆོག་ལ་གསལ་འདོན་གནང་བཞག

གཞན་ཡང་ད་རེས་ཀྱི་མཇལ་འཕྲད་འདིའི་སྐབས་དམིགས་བསལ་སྐུ་ཚབ་མཆོག་ནས་བོད་མི་ཚོའི་འོས་ཤོག་འཕེན་པའི་བརྒྱུད་རིམ་དེས་ རྒྱ་ནག་ལ་རྒྱབ་འགལ་བྱས་པའི་ལས་འགུལ་ཞིག་མ་ཡིན་ཡང་ བལ་ཡུལ་གཞུང་ནས་རྒྱ་ནག་གཅིག་ཅེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་ བོད་མིའི་ཚོའི་འོས་བསྡུའི་ལས་འགུལ་ལ་འགོག་རྐྱེན་བཟོས་པ་ཞིག་རེད་ འོན་ཀྱང་གནད་དོན་དེ་རིགས་ཀྱིས་  རྒྱལ་སྤྱིའི་ནང་བོད་མི་ཚོའི་དམངས་གཙོའི་རྣམ་པ་དངོས་གསལ་ཇེ་ཆེར་འགྲོ་ངེས་ཤིག་ཆགས་ཡོད་ཅེས་གསུངས་གནང་འདུག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎