བལ་ཡུལ་ནང་ཞི་འགྲིག་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ།
2010.12.05
༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ད་ཆ་ཛ་དྲག་ཆགས་ཡོད་པས་སྲིད་དོན་ཚོགས་པ་ཁག་གིས་གཞུང་འཛིན་གྱི་འགུན་ཁུར་མཉམ་ལེན་གྱིས་རྒྱལ་ཁབ་ཀྱི་བདེ་དོན་འགྲུབ་དགོས་པའི་སྐུལ་དེད་ནན་པོ་གནང་འདུག
བལ་ཡུལ་ནང་ཉིན་གཉིས་རིང་གཟིགས་སྐོར་དུ་བསྐྱོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཕྱག་རོགས་ལིན་པ་སེ་ཀོ་ཡིས་བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ཛ་དྲག་གི་གནས་སུ་གྱུར་ཡོད་པས་ སྲིད་དོན་ཚོགས་པ་ཆེ་ཁག་གིས་གཞུང་འཛིན་གྱི་འགན་ཁུར་མཉམ་ལེན་བྱེད་རྒྱུའི་འདུན་པ་བཏོང་གནང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་སྒྲིག་སོགས་ཀྱི་ལས་དོན་ལ་འཇུག་དགོས་པའི་ལམ་སྟོན་གནང་བ་དང་སྦྲགས་རྒྱལ་ཚོགས་ཀྱིས་ཞི་འགྲིག་གི་ལས་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ཡང་གནང་ཡོད་ལུགས་ཡོད་འདུག བལ་ཡུལ་ནང་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་༢༠༡༡ལོའི་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ཕྱིར་བསྡུ་གནང་གཏན་འཁེལ་ཡོད་ཀྱང་ཞི་འགྲིག་གི་ལས་དོན་འགྲུབ་ཕྱོགས་ཐད་མཐུན་འགྱུར་མཇུག་སྐྱོང་གནང་རྒྱུར་འགྱུར་བ་མེད་སྐོར་གོང་ཞུས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་གསུངས་གནང་ཡོད་ལུགས་བལ་ཡུལ་གྱི་ཉིན་རེའི་གསར་ཤོག་རྡ་རའི་སིངྒ་ནེ་བལ་ཞེས་པ་གནས་ཚུལ་སྤེལ་བཞག རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་གསུངས་པར་གཞིགས་ན་ བལ་ཡུལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དངོས་སུ་སྒོ་རྒྱབ་པའི་རྗེས་སུ་ཡང་ ལོ་གསུམ་རིང་ཙམ་རིང་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་བལ་ཡུལ་གྱི་གནས་སྟངས་སྐོར་དགོངས་བཞེས་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག།