འབྲུག་ཡུལ་ནས་ཕྱིར་བུད་བྱས་པའི་བལ་པོའི་མི་རྒྱུད་སྐོར།
2009.01.07
༄༅༎དེ་སྔ་འབྲུག་ཡུལ་ནས་ཕྱིར་འཕུད་བཏང་བའི་མི་རྒྱུད་བལ་པོ་ཡིན་པའི་བལ་ཡུལ་གྱི་སྐྱབས་བཅོལ་སྡོད་སྒར་ནང་ཡོད་པ་སྐྱབས་བཅོལ་བ་སྟོང་ཕྲག་བརྒྱད་ལྷག་ཙམ་ཞིག་སྔ་ལོ་ཨ་རི་གཙོས་ཕྱི་རྒྱལ་ཡུལ་ཁག་ནང་གཞིས་སྤོས་བྱེད་ཐུབ་ཡོད་སྐོར་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་སྙན་ཐོའི་ནང་ཕྱི་ལོ་༢༠༠༧གྱི་ཕྱི་ཟླ་བཅུ་གཅིག་ནས་འགོ་བཙུགས་བལ་ཡུལ་ནང་སྐྱབ་སབཅོལ་བའི་ངོ་བོའི་ཐོག་གནས་པའི་དེ་སྔ་འབྲུག་ཡུལ་ནས་ཕྱིར་འཕུད་བཏང་བའི་སྐྱབས་བཅོལ་མི་མང་འབུམ་གཅིག་ངེས་པ་ཡོད་པའི་ཁོངས་སྐྱབས་བཅོལ་མི་གྲངས་༧༥༤༧ཨ་རིའི་གཞུང་གིས་ཨ་རིའི་ནང་གཞིས་ཆགས་ལེན་ཡོད་པ་དང་ཁོང་རྣམས་ཨ་རིའི་གྲོང་ཁྱེར་སི་ཡ་ཊེལ་དང་པིཛི་སྦག།ཨེཏ་ལེན་ཏ།སྦོལ་ཊི་མོར་བཅས་ཀྱི་ནང་གཞིས་སྤོས་ཡོད་པ་དང་ཕྱོགས་མཚུངས་འབྲུག་པ་སྐྱབས་བཅོལ་བ་གང་འཚམས་ཤིག་ཨོ་སོ་ཀྲོ་ལི་ཡ་དང་ཁེ་ན་ཌ།ནེ་ཐར་ལེནདྲི།ནོར་ལྦེ།ཌེན་མཀབཅས་ཀྱི་ནང་གཞིས་སྤོས་བྱས་ཡོད་སྐོར་གསུངས་ཡོད་པ་རེད།
ཕྱི་ལོ་༡༩༩༠འི་ནང་འབྲུག་ཡུལ་ནས་ཕྱིར་འཕུད་བྱུང་བའི་སྐྱབས་བཅོལ་བ་རྣམས་སྤྱིར་མི་རྒྱུད་བལ་པོ་ཡིན་ནའང་བལ་ཡུལ་གཞུང་གིས་བལ་པོའི་མི་སེར་ལ་ངོས་ལེན་མ་གནང་བར་སྐྱབས་བཅོལ་བའི་གནས་བབ་འོག་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་གཟིགས་རྟོག་འོག་སྐྱབས་བཅོལ་བའི་གཞིས་སྒར་ནང་བཞག་ཡོད་པ་དང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱིས་གསུངས་ན་སྐྱབས་བཅོལ་བ་མི་གྲངས་འབུམ་གཅིག་ཙམ་ཡོད་པའི་ཁོངས་ཁྲི་དྲུག་ཙམ་གྱིས་ཕྱི་རྒྱལ་ཡུལ་ཁག་ལ་གཞིས་སྤོས་ཆེད་མོས་མཐུན་གྱི་ཐོ་རྒྱབ་ཡོད་པ་དང་གཞན་ཉུང་ཤས་ཤིག་གིས་མུ་མཐུད་འབྲུག་ཡུལ་ལ་ཕྱིར་ལོག་བྱ་རྒྱུར་ཨུ་བཙུགས་རྒྱབ་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད། ཡིན་ནའང་འབྲུག་གཞུང་གིས་སྐྱབས་བཅོལ་བ་རྣམས་རང་ངོས་ནས་འབྲུག་པའི་མི་སེར་བྱ་འདོད་མེད་པར་འབྲུག་ཡུལ་ནང་ཕྱིར་ཐོན་པ་ཞིག་ཡིན་སྐོར་གསུངས་བཞིན་ཁོང་རྣམས་འབྲུག་ཡུལ་ནང་ཕྱིར་ལོག་བྱ་རྒྱུར་ངོས་ལེན་བྱ་ཐབས་མེད་པའི་བཞེངས་ཕྱོགས་འཛིན་གྱི་ཡོད་འདུག