མའོ་ཤོག་ཁག་བཙན་ཤེད་ཀྱིས་ཕྲུ་གུ་དམག་ཁོངས་སུ་བཅུག་པ།
2010.06.17
༄༅༎བལ་ཡུལ་གྱི་མའོའི་གྱེན་ལོག་ཤོག་ཁག་གི་དམག་མིའི་ཁོངས་སུ་ལོ་ན་མ་སོན་པའི་ཕྲུ་གུའི་རིགས་ཀྱང་བཙན་ཤེད་ཀྱིས་འཛུལ་ཞུགས་བྱེད་བཅུག་གི་ཡོད་ལུགས་མཉམ་འབྲེལ་རྒྱལ་ཚོགས་ནང་སྙན་སེང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་སྔ་བལ་ཡུལ་ནང་གི་མའོའི་གྱེན་ལོག་ཤོག་ཁག་གི་ཚོགས་མིའི་ཁོངས་ཡིན་པའི་ད་ཆ་ལོ་ན་བཅོ་བརྒྱད་སོན་པའི་བུ་མོ་མན་ཇུ་ཞེས་པ་དེས་ཁ་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་ཐོག་སྙན་སེང་ཞུས་པའི་ནང༌། ཁོ་མོ་རང་ཉིད་ལོ་ན་བཅུ་གསུམ་ཡིན་པའི་སྐབས་ཉིན་ཞིག་ཁོང་ཚོའི་གྲོང་གསེབ་ནང་མའོའི་གྱེན་ལོག་ཤོག་ཁག་གི་ཚོགས་མི་འགའ་ཤས་སླེབས་ནས་ཁྱིམ་ཚང་རེ་རེ་ནས་ཕྲུ་གུ་རེ་བདུན་ཕྲག་གཅིག་རིང་སྦྱོང་བརྡར་ལ་གཏོང་དགོས་རེད་ཟེར་བཙན་ཤེད་ཀྱིས་འཁྲིད་པ་དང་དེ་ནས་ཁོང་ཚོར་ཉིན་རེར་ཆུ་ཚོད་བཅུ་བཞི་ཙམ་ངལ་རྩོས་སྐུལ་བ་དང་ ཤིང་ནགས་ནང་འགྲོ་བཅུག་པ། མེ་མདའ་རྒྱབ་རྒྱུ་སྦྱོང་བརྡར་སྤྲད་པ་སོགས་བྱས་ནས་གང་ལྟར་བདུན་ཕྲག་གཅིག་གི་སྦྱོང་བརྡར་དེ་བཞིན་ལོ་གཉིས་ལྷག་ཙམ་ཕྱིན་པ་དང་ཁོ་མོ་ཐོག་མར་རུ་དཔོན་ལྟ་བུ་བཞག་བྱས་ཀྱང་རིམ་པས་ནད་མནར་གྱུར་བར་སྨན་བཅོས་གང་ཡང་མི་བྱེད་པའི་ཁར་ཁོ་མོ་རུ་དཔོན་ནས་མ་བྱན་གྱི་ལས་ཀ་སྐུལ་བ་སོགས་བྱས་པའི་གནས་ཚུལ་རྣམས་ངོ་སྤྲོད་ཞུས་འདུག ཁ་ས་བུ་མོ་དེས་ལོ་རྒྱུས་སྙན་སེང་ཞུས་ཟིན་པའི་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ རྒྱལ་ཁབ་དང་ཚོགས་པ་ག་འདྲ་ཞིག་ཡིན་རུང་ཕྲུ་གུའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་མཁན་རིགས་ལ་ཉེས་ཆད་དང་རྒྱལ་ཁབ་དེ་དག་གི་ཐོག་རོགས་རམ་གཅོད་རྒྱུའི་ཉེས་ཆད་སོགས་བཀལ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།