བལ་ཡུལ་གཞུང་གི་གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་བྱས་པ།
2010.05.30
༄༅།།མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་མནའ་འབྲེལ་གཞུང་གི་གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་བྱས་པར་དགའ་བསུ་ཞུས་གནང་འདུག
མའོ་ཤོག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་སྒྲིག་གི་ལས་དོན་ཆེད་དུ་ད་ལྷའི་མནའ་འབྲེལ་གཞུང་གི་གྲོས་ཚོགས་ཀྱི་དུས་ཡུན་རེས་གཟའ་ཕུར་བུའི་ཉིན་རྫོགས་པ་དེ་འཕར་འགྱངས་བྱེད་རྒྱུར་མོས་མཐུན་བྱུང་བའི་རྗེས་སུ་སྲིད་བློན་མྭ་དྷལྦ་ཀུ་མར་ནེ་པལ་མཆོག་རྩ་དགོངས་ཞུས་རྒྱུའི་ཁས་ལེན་གནང་ཡོད་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྭན་ཀི་མུན་མཆོག་གི་མགྲིན་ཚབ་པ་ཀེརིན་ལེནྜི་གིརིན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ རྒྱལ་ཚོགས་ཀྱི་དྲུང་ཆེས་བལ་ཡུལ་ནང་ཞི་འགྲིག་གིས་ལས་དོན་མཇུག་སྐྱོང་ཆེད་སྲིད་བློན་དང་སྲིད་དོན་ཚོགས་པ་ཚང་མས་གྲོས་ཚོགས་ཀྱི་དུས་ཡུན་ཕར་འགྱངས་གནང་བར་བསྔགས་བརྗོད་གནང་བ་དང་སྦྲགས་ད་ཆ་ཞི་འགྲིག་གི་ལས་དོན་ཐོག་མཐུན་བསྐྱོད་ཀྱི་བྱ་བར་འཇུག་དགོས་པའི་ལམ་སྟོན་གནང་ཡོད་འདུག རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་རང་ཉིད་ཀྱིས་ད་ཆ་ཚོགས་པ་ཚང་མས་ཕན་ཚུན་བསྟུན་མཁས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་སྒྲིགས་གཙོས་པས་ཞི་འགྲིག་གི་ལས་དོན་གྲུབ་འབྲས་སོན་པ་དང་ མའོ་གྱེན་པ་ཚོའི་མདུན་ལམ་གྱི་དཀའ་རྙོག་སེལ་དགོས་པའི་འབོད་བསྐུལ་ཞུས་གནང་འདུག༎