བོད་ཀྱི་གཞོན་ལྷན་འགན་འཛིན་ལྷན་ཚོཌ་སྐོར།
2011.08.25
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འདི་ལོའི་འགན་འཛིན་ལྷན་ཚོགས་དེ་བཞིན་རྒྱ་གར་བྱང་ཤར་གྱི་གྲོང་ཁྱེར་རྡོ་རྗེ་གླིང་ནང་འཚོགས་བཞིན་པ་རེད།
རེས་གཟའ་ཟླ་བ་ནས་ཉིན་བཞིའི་རིང་འཚོགས་བཞིན་པའི་ལྷན་ཚོགས་དེར་གཞོན་ལྷན་གྱི་ས་གནས་༣༩ནས་ཚོགས་བཅར་བ་༡༡༥ལྷན་མཉམ་ཞུགས་ཀྱིས་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་གོང་མཐོར་སྤེལ་ཕྱོགས་གཙོས་པའི་གཞོན་ལྷན་གྱི་ལས་དོན་གནང་ཕྱོགས་སྐོར་གྲོས་བསྡུར་གནང་མུས་ཡིན་པ་རེད། ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་ཕོ་མོ་སྤྱི་དང་ལྷག་པར་དུ་ཉེ་དུས་ཁམས་རྟའུ་ཁུལ་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་རང་ལུས་ལ་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་གནང་འདུག། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་མི་ལོ་ཞི་བཅུ་ཙམ་གྱི་རིང་གཞོན་ནུའི་ལངས་ཕྱོགས་བརྟན་པོ་བཟུང་ནས་སྤྱི་དཔེ་ལས་དོན་གནང་མུས་ཀྱང་ད་ཆ་༧གོང་ས་མ་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་དོར་གནང་བའི་རྗེས་སུ་གཞོན་ལྷན་གྱིས་བོད་ཀྱི་རྩ་དོན་འགྲུབ་ཆེད་དམིགས་བསལ་ལས་འགན་ཆེ་ཙམ་ལེན་དགོས་པའི་དམ་བཅའ་་བཞག་རྒྱུའི་དུས་ལ་བབ་ཡོད་ལུགས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུངས་གནང་འདུག། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག གིས རང་ཉིད་བོད་ནས་རྗེས་སུ་འབྱོར་བ་ཞིག་ཡིན་པའི་ཆ་ནས་བོད་ནང་བོད་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་པ་དེར་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་པར་བརྟེན་གཞོན་ལྷན་གྱིས་བོད་རང་བཙན་གྱི་འཐབ་རྩོད་མུ་མཐུད་གནང་དགོས་པའི་སྐུལ་དེད་ཞུས་གནང་འདུག། ཡང་ཁོང་གིས་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་བསྐྱོད་མཁན་ཚོར་ བྱེས་བཞུགས་ཚོས་ཁྱེད་ཚོས་ཕྱི་རྒྱལ་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་གནང་འདུག། དེ་སྔ་ཕྱི་ལོ་༡༩༡༠ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྡོ་རྗེ་གླིང་དུ་སྐྱབས་བཅོལ་དུ་བཞུགས་དགོས་བྱུང་ཡང་མཐར་ཕྱིར་ཕེབས་ཀྱིས་བོད་རང་བཙན་སླར་གསོ་གནང་བའི་མཛད་རྗེས་བཞག་ཡོད་པ་ལྟར་ ཐེངས་འདིའི་ལྷན་ཚོགས་ས་གནས་འདི་གནང་བ་དེར་གནད་འགག་ཆེན་པོ་ཆགས་ཡོད་པ་དང་ ང་ཚོས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ནང་བསྐྱར་དུ་གདན་འདྲེན་ཞུ་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་རེད་ཅེས་གསུངས་གནང་འདུག༎