བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༥༡ འཁོར་འདུག

2021.10.07
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༥༡ འཁོར་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ཧྲིལ་བོ་༥༠་འཁོར་བའི་དགའ་སྟོན་མཛད་སྒོའི་ཐོག ༡༠།༧།༢༡
RFA/Dhasa

བོད་དོན་བདེན་མཐའ་མ་གསལ་བར་དུ་ནུས་པ་དང་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་༥༠་འཁོར་བའི་དུས་སྟོན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུངས་སོང་།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ཧྲིལ་བོ་༥༠་འཁོར་བའི་དགའ་སྟོན་མཛད་སྒོ་ཞིག སྤྱི་ཟླ་༡༠་པའི་ཚེས་༧་ཉིན་བཞུགས་སྒར་ཨེ་པི་རེལ་གསོལ་མགྲོན་ཁང་དུ་གནང་སོང་ལ། སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ཧྲིལ་བོ་༥༠་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ནི། སྤྱི་ལོ་༢༠༢༠་ཟླ་བ་༡༠་པའི་ཚེས་༧་ཉིན་ཡིན་ནའང་། ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ལོ་དེར་མཛད་སྒོ་སྟབས་བདེ་ཞིག་མ་གཏོགས་གནང་ཐུབ་མེད་པར་བརྟེན། འདི་ལོར་མཛད་སྒོ་རྒྱས་པ་ཞིག་གནང་བཞིན་པ་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་དོན་གྲུབ་ལགས་ནས། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཆེ་ཤོས་དང་རྙིང་ཤོས་ཤིག་ཡིན་པས། སྒྲིག་འཛུགས་འདིས་ལོ་ངོ་༥༠་རིང་རྒྱ་ནག་གཞུང་ལ་ཁ་གཏད་བྱས་ཏེ་གནས་ཐུབ་པ་ནི། བོད་དོན་འཐབ་རྩོད་ཀྱི་གཟི་བརྗིད་དང་རྒྱལ་ཁ་ཞིག་ཡིན་པ་དང་། སླད་ཕྱིན་བོད་དོན་བདེན་མཐའ་མ་གསལ་བར་དུ། སྒྲིག་འཛུགས་འདིས་ནུས་པ་དང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལོ་ངོ་༥༠་འཁོར་བའི་དགའ་སྟོན་དུ་དབུས་རྒྱུན་ཟུར་པ་རྣམ་པ་གདན་ཞུ་དང་། གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་ཚོགས་གཙོ་ཐོག་མ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་ཞུས་ཡོད་ཅིང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ནས། བོད་མི་ཚོ་ནང་ཁུལ་འཆམ་མཐུན་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་པ་དང་། སྒྲིག་འཛུགས་གཏོར་བཤིག་དང་བོད་མི་ནང་ཁུལ་དཀྲུག་ཤིང་འཕེན་པ་བཅས་བྱེད་བཞིན་པས། དེ་ལ་བོད་མི་རང་ངོས་ནས་མཐུན་རྐྱེན་སྒྲུབ་མི་རུང་བ་དང་། གཞོན་ལྷན་ནུ་ལྷན་ཚོགས་ནི་གལ་ཆེན་དང་ནུས་པ་ལྡན་པ་ཞིག་ཆགས་ཡོད་པ་གསུངས་སོང་།

TYC50Yrs (2).jpg
མཛད་སྒོ་དེར་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ཀྀཤྲིན་ཀཱཔུར་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སོགས་ཕེབས་ཏེ། གཞོན་ལྷན་གྱི་ལོ་རྒྱུས་ཀྱི་་དེབ་གསར་བཞིག་དབུ་འབྱེད་དང་བྱ་དགའ་གཟེངས་བསྟོད་བཅས་གནང་ཡོད་ཅིང་། ཚོགས་ཞུགས་པ་ལྡི་ལི་ས་གནས་གཞོན་ལྷན་གྱི་བསྟན་འཛིན་དོན་ལྡན་ལགས་ནས། གཞོན་ལྷན་ནི་བོད་ཀྱི་རང་དབང་འཐབ་རྩོད་ལས་འགུལ་སྣེ་ཁྲིད་ཀྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་འདིར། ཞབས་ཞུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཆེན་པོ་འདུག་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ལ་དྭགས་ས་གནས་གཞོན་ནུའི་ཚོགས་ཞུགས་པ་བསྟན་འཛིན་ཚེ་རིང་ལགས་ནས། གཞོན་ནུ་ལྷན་ཚོགས་ནས་སྤྱི་ཚོགས་ནང་ལས་དོན་འདྲ་མིན་གནང་བ་དང་། ལྷག་དོན་བོད་རང་བཙན་གྱི་ལས་འགུལ་བཅས་གནང་བསྡད་ཡོད་པས། སོ་སོས་དགའ་སྟོན་འདི་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་ཟེར།
ད་ལན་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༥༠་པའི་ཐོག ལྷན་ཚོགས་ཐེངས་༤༩་པའི་གྲོས་ཆོད་ཁག་མཇུག་སྐྱོང་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་དང་བཀའ་དྲིན་རྗེས་དྲན་ལ་བཀའ་བསྡུར་གནང་རྒྱུ། ཚོགས་པའི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཅི་དགེ་སོགས་གྲོས་བསྡུར་གནང་རྒྱུ་དང་། རྒྱུན་ལས་ཚོགས་འདུ་དང་དགའ་སྟོན་ཉི་མ་ལྔ་རིང་གནང་གི་ཡོད་པ་དང་། དེ་མིན་ཡང་ལྷན་ཚོགས་དང་དགའ་སྟོན་འདིར་ས་གནས་ཁག་༣༤་ནས་ཚོགས་མི་༧༠་ཚོགས་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎