༧གོང་ས་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་བཅར་མཁན་ཡོངས་ལ་མཇལ་ཁ་བསྩལ་འདུག

སྤྱི་ཟླ་༩པའི་ཚེས་༡ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༨པའི་ཉིན་མཐའ་མར་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྐབས་༡༨པའི་དབུས་རྒྱུན་གསར་པ་རྣམས་འོས་འདེམས་བྱུང་ཞིང་། ད་ལྟའི་ལས་ཐོག་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་ཚོགས་བཅར་བ་བརྒྱ་ལྷག་ཡོད་པའི་ཁྲོད་ནས་འོས་གྲངས་༧༡ཐོབ་སྟེ་སླར་ཡང་ཚོགས་གཙོར་འོས་འདེམས་བྱུང་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བདམས་ཐོན་ཚོགས་གཙོ་གསར་པ་གཙོས་པའི་ས་གནས་ཁག་༤༥ནས་ཕེབས་པའི་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོང་ལ་མཇལ་ཁ་བསྩལ་འདུག
མཇལ་ཁའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ན་གཞོན་ཚོས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བ་མི་ཉམས་རྒྱུན་འཛིན་གྱིས་མུ་མཐུད་དུ་བོད་དོན་འཐབ་རྩོད་གནང་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་མཇལ་ཁ་གྲུབ་པའི་རྗེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བྱུང་།
དེ་དང་ཕྱོགས་མཚུངས་བཀྲ་ཤིས་རྟགས་རྒྱལ་ལགས་སྐབས་༡༨པའི་ཚོགས་གཞོན་ལ་འོས་འདེམས་བྱུང་ཞིང་། ད་ལྟའི་ལས་ཐོག་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སླར་ཡང་དྲུང་ཆེར་འོས་འདེམས་དང་། གཞན་ཡང་ཡེ་ཤེས་ཆོས་འཕེལ་ལགས་དང་། ཚེ་རིང་ཆོས་འཕེལ་ལགས། དེ་བཞིན་བསྟན་འཛིན་ལྷ་མོ་བཅས་དབུས་རྒྱུན་ལས་སུ་བདམས་ཐོན་བྱུང་སོང་།
སྐབས་དེར་འོས་བསྡུའི་ལས་རིམ་ཆ་ཚང་ཚར་རྗེས་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཆེ་ཤོས་དང་རྙིང་ཤོས་གྲས་ཤིག་ཡིན་པས། མ་འོངས་པར་ལས་ཡུན་ལོ་གསུམ་གྱི་རིང་ལ་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་མཐོར་ཡོང་རྒྱུའི་འབད་རྩོད་ཧུར་ཐག་གནང་རྒྱུ་ཙམ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདོང་ལེན་གནང་ཐབས། དེ་བཞིན་ད་ཐེངས་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཁག་ལ་ཤར་བསྐྱོད་ཀྱིས་ལག་བསྟར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་གནང་སོང་།
གཞན་ཡང་ཚོགས་ཆེན་ཐེངས་༡༨པའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་། བོད་མིའི་ཆིག་སྒྲིལ་སོགས་ཡིན་པས། དབུས་དང་ས་གནས་གཞོན་ལྷན་གཉིས་ནས་དེ་འབྲེལ་སྔར་ལྷག་ལས་དོན་ཞུ་རྒྱུ་དང་། གཞོན་ལྷན་གྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས། དེ་བཞིན་བཙན་བྱོལ་ཕྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཆེད་ལས་འགུལ་སྤེལ་རྒྱུ་སོགས་གྲོས་གཞི་དོན་ཚན་ཁག་དགུ་ཡོད་པ་ཆ་ཚང་མང་མོས་ཀྱིས་གཏན་འབེབས་བྱས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།