པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་བཙོན་གྲོལ་བྱུང་འདུག


2016.10.06
བཙོན་གྲོལ་བྱུང་མ་ཐག་པའི་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས། ༢༠༡༦།༡༠།༣ བཙོན་གྲོལ་བྱུང་མ་ཐག་པའི་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས། ༢༠༡༦།༡༠།༣
བོད་འབྱོར།

གླུ་གཞས་བཏང་རྗེས་བཙོན་འཇུག་བྱས་བའི་ཆབ་སྲིད་བཙོན་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་བཙོན་གྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བོད་ནང་གི་ཆབ་སྲིད་བཙོན་པ་པདྨ་འཕྲིན་ལས་དང་ཕྱག་རྡོར་གཉིས་སྤྱི་ལོ་༢༠༡༦་ལོའི་ཟླ་༡༠་བའི་ཚེས་༣་ཉིན་རྒྱ་ནག་ཟི་ཁྲོན་ཕྱོགས་ཀྱི་མེན་ཡཱང་བཙོན་ཁང་ནས་མི་ལོ་བཞིའི་ཁྲིམས་ཆད་དུས་ཡུན་གཙང་ནས་བཙོན་གྲོལ་བྱུང་འདུག
གནས་ཚུལ་ལྟར་ན། ཁོང་གཉིས་བཙོན་གྲོལ་བྱུང་ནས་ཕྱིར་ཕ་ཡུལ་དུ་འབྱོར་བ་དང་དེ་སྔའི་བཙོན་གྲོགས་དང་། ས་གནས་ཡུལ་མི་ཚོས་ཁ་བཏགས་འཐེན་ནས་ཕེབས་བསུ་ཟབ་རྒྱས་བྱས་ཡོད་འདུག། འོན་ཀྱང་ཁོང་རྣམ་པ་གཉིས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།
ཁོང་གཉིས་ཀྱིས་ཕྱི་ལོ་ ༢༠༡༢་ལོར་བོད་མིས་བོད་དོན་ཆེད་རང་ལུས་མེར་སྲེག་གིས་མཚོན་པའི་བོད་ནང་གི་གནས་སྟངས་དང་། དེ་བཞིན་༧གོང་ས་མཆོག་དང་། ༧པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ལ་དྲན་གླུ་དང་བསྟོད་གླུ་སོགས་བོད་མིའི་བདེ་སྡུག་མཚོན་པའི་གླུ་གཞས་རྡུང་ལེན་ཆེད་བསྒྲིགས་གླུ་གཞས་འོད་སྡེར་༼སོས་མེད་རྨ་ཁའི་ཟུག་གཟེར།༽ཞེས་པ་ཞིག་འགྲེམས་སྤེལ་བྱས་ཏེ་ཉིན་ཁ་ཤས་ཀྱི་རྗེས། རྒྱ་གཞུང་གིས་ཀན་ལྷོ་རྨ་ཆུ་རྫོང་ཐོག་ནས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཟླ་བ་༦་ལྷག་རིང་རྔ་བ་རྫོང་དུ་བཀག་ཉར་འདྲི་གཅོད་བྱས་མཐར། ༢༠༡༣་ལོར་བཙོན་འཇུག་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད།
པདྨ་འཕྲིན་ལས་ལགས་ནི་ཕ་འཛམ་བྷ་དང་མ་ཚེ་རིས་གཉིས་ཀྱི་བུ་ད་ལྟ་རང་ལོ་༢༧་ཙམ་དང་། ཡང་ཕྱག་རྡོར་ལགས་ཕ་མཆོག་ལྡན་མདོ་བའི་བུ་རང་ལོ་༣༥་ཙམ་ཡིན་འདུག་ཅིང་། གཉིས་ཀ་མདོ་སྨད་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་དང་པོའི་མི་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎